བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས ༥༠ སྤེལ།

ཐེངས་འདིའི་ལས་འགུལ་ནང་སུད་སའི་དོན་ཁང་གི་སྐུ་ཚབ་ཟླ་བ་ཚུལ་ཁྲིམས་དང་ཡུ་རོབ་སྤྱི་ཟུར་སྐུ་ངོ་གསང་གླིང་ཚེ་རིང་རྡོ་རྗེ། སྐལ་བཟང་ཚང་བདེ་མཆོག ཡར་ཀ་ཚང་བསྟན་པ་རིན་ཆེན།གཡོན་རུ་ཚང་ཚེ་མདོ། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དྲ་རྒྱའི་སྒྲོན་པ་བཀྲིས་རྣམ་རྒྱལ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་སོགས་ཕེབས་འདུག་ལ། དེ་བཞིན་ལས་འགུལ་བ་བཀྲ་བསྟན་ཚང་པ་སངས་ལགས་དང་།ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། མི་ལིང་བཀྲིས་ཟླ་བ། སྟག་ཚང་དཀོན་ཅོག སྟག་ཚང་བསྟན་འཛིན་རིག་འཛིན་སོགས་ཀྱིས་ལས་འགུལ་མུ་མཐུད་སྤེལ་ཡོད་འདུག

སུད་སི་དོན་ཁང་གི་སྐུ་ཚབ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་དང་འབྲེལ་བའི་སྐོར་ནས་བཀའ་སློབ་གནང་དོན། བོད་ནང་གི་གནས་སྟངས་ཤིན་ཏུ་ཛ་དྲག་ཡིན་པ་དང་། སྐུ་ལུས་མེར་སྲེག་གི་གནས་སྟངས་མཚམས་ཆད་གྱིན་མེད་པ། ཉེ་བའི་ཆར་ཁམས་དཀར་མཛེས་ཁུལ་སོགས་སུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་ཆོག་གི་མེད་པའི་གནས་སྟངས་སོགས་ཀྱིས་མཚོན། བོད་ནང་ཉིན་ལྟར་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་ཡིན་དུས། བོད་མི་སྤྱི་དང་། སྒོས་སུ་བོད་ཕྱི་ལོག་ན་ཡོད་པའི་བོད་མི་ཚོར་ལས་འགན་ཆེན་པོ་རེ་ཡོད་པ་རེད། དེ་བས་ང་ཚོས་དྲ་རྒྱའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དང་། སོ་སོས་གང་འཇོན་འཇོན་ཐོག་ནས་བོད་མིའི་ལས་འགན་སྒྲུབ་ཐབས་གནང་རྒྱུ་ནི་ཤིན་ཏུ་གལ་ཆེན་ཆགས་ཡོད། ཁྱིམ་ཚང་དྲུག་གི་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ཡང་བོད་མི་ཞིག་གི་ལས་འགན་མ་བརྗེད་པའི་ཐོག་ནས་འབད་བརྩོན་ལྷོད་མེད་གནང་བཞིན་པ་ཡིན་པས་ལས་འགུལ་བ་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱིས་བཀའ་སློབ་ནང་གསུང་དོན། བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཆེད་དུ་ལས་འགུལ་འདི་རྒྱུན་རིང་བོ་འདི་འདྲ་ཞིག་ལ་མུ་མཐུད་སྤེལ་བཞིན་པ་འདི་བོད་མི་ཞིག་གི་འགན་བླངས་ཏེ་ལས་འགུལ་སྤེལ་བཞིན་པ་ཞིག་རེད་ལ། ། འདིའི་ཐོག་ལ་ལས་འགུལ་བ་ཁོང་ཚོས་རྒྱ་བལ་འབྲུག་གསུམ་ནང་གནས་པའི་བོད་མི་ཁྱིམ་ཚང་བུ་གུ་མང་ཤོས་སྐྱེས་མཁན་ལ་ཧིན་སྒོར་ཆིག་ཁྲི་ལྔ་སྟོང་དང་། བུ་གུ་གཅིག་ལ་སློབ་ཡོན་གྱི་སྦྱིན་བདག་གནང་བཞིན་པ་སོགས་ཀྱི་ལས་འགུལ་འདི་དག་ཤིན་ཏུ་ཡག་པོ་རེད། ལས་འགུལ་བ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ཞེས་སོགས་བརྗོད་ཡོད་འདུག

དེ་བཞིན་ཐེངས་འདིའི་ལས་འགུལ་འགན་འཛིན་མཆོག་གི་ངོས་ནས་ཁྱིམ་ཚང་དྲུག་གི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་གྱི་རྒྱབ་ལྗོངས་དང་བྱུང་རིམ། དམིགས་བསལ་ལས་འགུལ་འདི་འདྲ་ཞིག་སུད་སི་ནང་སྤེལ་དགོས་དོན་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཨ་མ་དེ་སུད་སི་ནང་ཡོད་སྟབས། སུད་སི་ནང་ནས་ངེས་པར་དུ་འདི་ལྟའི་ལས་འགུལ་ཞིག་དགོས་པ་གལ་ཆེན་པོ་ཡིན་སྟབས། དགོས་པ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་ལས་འགུལ་དབུ་འཛུགས་གནང་བ་ཞིག་རེད་སྐོར་ངོ་སྤྲོད་གནང་ཡོད་འདུག  ཁྱིམ་ཚང་དྲུག་གི་ལས་འགུལ་གྱི་བྱུང་རིམ་ཁག་ནི་གསར་གནས་སྔ་མ་ཁག་གི་ནང་གསལ་བོ་བཀོད་ཟིན་སྟབས། དོ་སྣང་ཡོད་རིགས་ཚོས་དེར་གཟིགས་རོགས། 

ཉིན་འདིར་ཡང་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་ཆེས་ཛ་དྲག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་བོད་ཕྱི་ནང་གི་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དམིགས་བསལ ༢༠༠༨་ནས་ད་ལྟའི་བར་གྱི་རྒྱ་གཞུང་གི་བཙོན་ནས་རྐྱེན་འདས་སུ་སོང་བའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་འཁོད་པའི་ཡིག་ཆ (Death due to torture in prison since 2008) དང་། ༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་ཆོག་དགུང་གྲངས་དྲུག་ནས་རྒྱ་གཞུང་གིས་བཙོན་འཇུགས་བྱས་ཏེ་ད་ལྟའང་གནས་སྟངས་ཁ་གསལ་མེད་པའི་སྐོར་ཀྱི་ཡིག་ཆ། དེ་བཞིན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་། ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་།ཕྱི་ལོ་༢༠༡༥ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོདང་ཆོས་ལུགས་དད་མོས་རང་དབང་གི་སྙན་ཐོ།༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ།གསར་འགོད་གསལ་བསྒྲགས་སོགས་རྒྱ་ཡིག་དང་། དབྱིན་ཡིག ཧྥི་རན་སིའི་སྐད་༼FRENCH༽བཅས་ཀྱི་ནང་ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་སོགས་ལ་འགྲེམ་སྤེལ་བྱས་ཡོད་འདུག་འདུག་ཅིང་། ནམ་རྒྱུན་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སླར་ཡང་དོན་ཚན་དགུ་ཅན་གྱི་དགོས་འདུན་སྙན་ཞུ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཕྱི་ལོ༢༠༡༦ལོའི་ཟླ༡པོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གཉིས་ཕུལ་ཡོད་འདུགགསར་འགོད་པ། ཙ་ཡུས་ཕུན་ཚོགས། 

ལས་འགུལ་བའི་ཞལ་པར་ཨང་།
༡ ངག་དབང་ཚང་ངག་དབང་དཔལ་ལྡན། ༠༧༦་༥༣༤་༨༠་༩༡༢ 
༢ བཀྲ་བསྟན་ཚང་པ་སངས། ༠༧༦༦༢༠༡༠༥༡
༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ། ༠༧༦༤༥༤༥༤༠༩
༤ སྟག་ཚང་དཀོན་ཅོག ༠༧༦༤༧༧༤༡༦༢ 
༥ ཡེ་ཤེས་ལྷ་མོ། ༠༠༦༡་༤༡༠༢༢༣༥༥༨
༦ མི་ལིང་བཀྲིས་ཟླ་བ། ༠༧༦༥༨༨༢༨༥༩

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སྡོམས་རོགས།