བོད་ནང་ས་ཡོམ་བརྒྱབ།

བོད་ཀྱི་དུས་བབ་ལས་དྲངས།

ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ པ་ཙམ་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཁོངས་སུ་ཚད་རིམ་ ༥.༢ ཅན་གྱི་ས་ཡོམ་བྱུང་སྟེ། ཆི་ལེན་རྫོང་ཁོངས་སུ་ཡོད་པའི་མཁར་དམར་དང་ཨ་རིག པ་པོ། མུ་རི་སོགས་ཀྱི་ཞིང་འབྲོག་ཁྱིམ་ཚང་ ༡༤ ཡི་སྡོད་ཁང་ལ་གས་སྐྱོན་བྱུང་ཡོད་པ་དང་། ཡུལ་མི་ ༤༦ གནས་སྤོར་དགོས་བྱུང་ཡོད་འདུག གཞན་ཡང་། ཁ་སང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༨ །༣༢ ཐོག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་སོག་རང་སྐྱོང་ཁུལ་གྱི་ནང་དུའང་ཚད་རིམ་ ༣.༤ ཅན་གྱི་ས་ཡོམ་ཞིག་བརྒྱབ་ཡོད་འདུག 

རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ བར་དུ་ཆི་ལེན་རྫོང་ཁོངས་སུ་ཁྱོན་ས་ཡོམ་ཐེངས་ ༥༢ བྱུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུའང་འགུལ་སྐྱོམ་ཅུང་ཙམ་བྱུང་ཡོད་ཀྱང་། བྱ་བའི་ཚན་ཆུང་བཞི་ཆེད་མངགས་ཀྱིས་རྒྱུས་ལོན་བྱེད་སྐབས་མི་ལ་ཤི་རྨས་བྱུང་མེད་ལ། ད་ལྟའི་ཆར་གནོད་འཚེ་ཐེབས་ཁུལ་གྱི་མི་མང་གི་སེམས་ཁམས་ལྷོད་ལ་བབས་ཡོད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་རྒྱུན་ལྡན་ཆགས་ཡོད་སྐོར་བསྒྲགས་འདུག 

རྒྱ་ནག་གི་ས་གཤིས་བརྟག་དཔྱད་པས་བརྗོད་པ་ལྟར་ན། བོད་ནི་ས་ཡོམ་མང་པོ་བྱུང་ས་ཞིག་ཡིན་པ་མ་ཟད། ས་ཡོམ་གྱི་ཤུགས་ཚད་ཆེ་ཞིང་དབྱེ་མཚམས་རྒྱ་ཆེན་པོ་ཡོད་ལ། ཕྱི་ལོ་ ༡༩༠༠ ནས་བཟུང་ད་ལྟའི་བར་བོད་ནང་ས་ཡོམ་ཚད་རིམ་ ༥ ཡན་ཆད་ཡིན་པ་ཁྱོན་ ༦༤༢ བྱུང་ཡོད་པ་མ་ཟད། ཚད་རིམ་ ༨ བརྒལ་བ་ཐེངས་གསུམ་ཙམ་བྱུང་མྱོང་ཡོད་འདུག ཕྱི་ལོ་ ༡༩༥༠ ཟླ་ ༨ ཚེས་ ༡༥ ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་མཐའ་མཚམས་སུ་ཡོད་པའི་རྫ་ཡུལ་རྫོང་དུ་ཚད་རིམ་ ༨.༦ ལྷག་ཅན་གྱི་ས་ཡོམ་བྱུང་སྟེ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པ་མ་ཟད། མི་གྲངས་ ༤༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་བྱུང་བའི་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་ཆགས་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།