བོད་མི་མངསྤྱི་འཐུས་ལྷན་ཚོགས་གི་གསར་འགོད།

གསར་ལས་ཁང་གི་གསར་འགོད་པས།
༢༠༢༣-༠༤-༡༤

༄༅།།༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། ཁོང་གིས་ཐུགས་བསྐྱེད་དམ་བཅའ་བཞི་པོའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་བཞེད། ལྷག་དོན་༸མགོན་པོ་མཆོག་ནས་སྣེ་འཁྲིད་ལམ་སྟོན་མཛད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོ་དེ་བཞིན་ད་ཆ་འཛམ་གླིང་ཐོག་ཏུ་དར་ཁྱབ་དང་། ལག་ལེན་ཤུགས་ཆེ་འགྲོ་བཞིན་ཡོད།

༸གོང་ས་མཆོག་གིས་དུས་རྒྱུན་དུ་ཆོས་ལུགས་འདྲ་མིན་དང་། ལས་རིགས་འདྲ་མིན། མི་རིགས་དང་རིགས་རུས་འདྲ་མིན་གྱི་ཕྱི་ནང་སྐྱེ་འགྲོ་མང་པོའི་རེ་འདོད་བཞིན་མཇལ་འཕྲད་གནང་དང་གནང་བཞིན་པ་མ་ཟད། འཛམ་གླིང་འདི་ཡི་ནང་མི་འབོར་ཐེར་འབུམ་བདུན་བརྒྱད་ལ་ཞི་བདེ་དང་། བདེ་སྐྱིད་ཡོང་ཐབས་ཀྱི་སྐུལ་མ་གནང་མཁན་གྱི་སྐྱེས་བུ་གལ་ཆེན་ཞིག་ཆགས་ཡོད། ཁོང་ཉིད་དོན་དམ་པའི་བྱམས་བརྩེའི་བདག་ཉིད་ཅིག་ཡིན་པ་དང་། རྒན་གཞོན་བར་གསུམ་གྱི་མི་རིགས་སུ་འདྲ་ཞིག་གིས་དྲི་བ་དང་རེ་འདུན་ཞུ་སྐུལ་སོགས་བྱུང་བའི་སྐབས། དེར་སྣང་ཆུང་དུ་མི་གཏོང་བར་ཁོང་ཚོའི་རེ་འདོད་བསྐང་གང་ཐུབ་གནང་གི་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ལྷག་དོན་མགོན་པོ་མཆོག་གིས་ཐུགས་འདྲིས་པའི་ངང་ཚུལ་བཞེད་དེ་མཚམས་རེར་སྐུ་རྩེད་ཁོ་ནའི་ཚུལ་གྱིས་གཞན་གྱི་ཨོག་ཚོམ་འཐེན་པ་དང་། ཞལ་འགྲམ་དང་ཤངས་ཐུག་རེས་གནང་བ་སོགས་བརྒྱུད་ལམ་མང་པོས་ཟུར་འདོན་དང་བཟང་ཕྱོགས་ཀྱི་གནས་ཚུལ་

བཀོད་གཏོང་བྱེད་ཀྱི་ཡོད་པ་དེར། སྐྱེ་འགྲོ་མང་པོར་བདེ་སྐྱིད་ཀྱི་ཚོར་སྣང་འབའ་ཞིག་འཐོབ་བཞིན་ཡོད། ༸གོང་ས་མཆོག་ནི་འཛམ་གླིང་མི་མང་གིས་དགའ་མོས་ཞུ་སའི་དབུ་འཁྲིད་གལ་ཆེན་ཞིག་ཡིན་པ་འཛམ་གླིང་ཐོག་མི་མང་གི་བསམ་ཚུལ་བསྡུ་བའི་ཁོངས་ཀྱི་ཨང་རིམ་ཆེས་གོང་མའི་གྲས་སུ་ཚུད་ཀྱི་ཡོད་པ་དེའི་ཐོག་ནས་ར་སྤྲོད་གསལ་པོ་བྱེད་

ཐུབ། དེར་བརྟེན་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་དང་། སྤྱི་ཚོགས་ནང་སྐྱེ་བོ་ཚང་མས་འགན་ཁུར་གྱིས་༸གོང་ས་མཆོག་གི་རྣམ་ཀུན་དགོངས་པ་བཞེས་ཕྱོགས་དང་མཛད་སྤྱོད་ལ་རྒྱུས་ལོན་ཐོག་སྒྲོ་སྐུར་མེད་པའི་དངོས་ཡོད་གནས་ཚུལ་ལ་ངེས་པ་རྙེད་ཐུབ་ཐབས་བཟོ་དགོས་པ་གལ་ཆེན་ཆགས་ཡོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ལྷག་དོན་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྒྱ་ནག་དམར་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནང་གི་བརྒྱུད་

ལམ་དང་།གང་ཟག་སྒེར་སོགས་རྣམ་པ་འདྲ་མིན་བེད་སྤྱོད་ཀྱིས་རང་རེའི་སྤྱི་ཚོགས་གཏོར་བཤིག་དང་ཉམས་དམས་སུ་གཏོང་རྒྱུའི་སྲིད་བྱུས་ངན་པ་སྤེལ་བཞིན་ཡོད་པས། རྣམ་དཔྱོད་ལྡན་པའི་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་བྲལ་ཡང་། སྐབས་རེར་ཉུང་ཤས་ལོག་ལམ་དུ་འཁྲིད་ཀྱི་ཡོད་པའི་སྐབས་བློ་གཟུ་བོར་གནས་པའི་ཕྱི་ནང་མི་རིགས་དང་། ཚོགས་སྡེ་ཁག་བཅས་ནས་གསལ་བཤད་བྱེད་བཞིན་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་དང་། དེ་འདྲའི་གནས་ཚུལ་ཡོང་བའི་དུས་སུ་ཚང་མས་གཞན་ཟེར་གཡམ་རྒྱུགས་སུ་མི་འགྲོ་བར་ཕྱི་ནང་གསང་གསུམ་ལ་དོ་སྣང་དང་། བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གདོང་ལེན་བྱ་རྒྱུ་གལ་ཆེར་མཐོང་།

ཐེངས་འདིའི་༸གོང་ས་མཆོག་གི་མཛད་འཕྲིན་ལ་གོ་བ་ལོག་སྒྲུབ་དང་། དེ་བཞིན་འགྲེལ་བཤད་རང་སྣང་གང་དྲན་ཞིབ་འཇུག་མེད་པའི་བྱུང་རྒྱལ་ལྟ་བུ་བརྒྱུད་ལམ་དུ་སྤེལ་བར་བློ་ཕམ་ཆེན་པོ་བྱུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ནི་སྐྱེ་བོ་དུང་ཕྱུར་མང་པོས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་གཞི་ཞིག་ཏུ་གྱུར་བ་སྨྲོས་ཅི་དགོས། སྐྱེ་འགྲོའི་བདེ་སྐྱིད་དང་། བསྟན་འགྲོའི་དོན་དུ་བཀའ་བཟང་ཞལ་བཞེས་ཐོབ་པ་བཞིན་༸སྐུ་ཚེ་ཡུན་རིང་བརྟན་ཅིང་རླབས་ཆེན་གྱི་མཛད་འཕྲིན་ རྒྱས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་རབ་གནས་ཆུ་ཡོས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༤ ལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།