མི་མང་གི་གསར་འཕྲིན་དབུ་བརྙེས་ནས་ལོ་ངོ་༢༠འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༢༠༡༣ ལོའི་ཟླ ༡༡ ཚེས་ ༢༤ རེས་གཟའ་ཉི་མའི་ཉིན་སུད་སི་ས་གནས་ཝེ་རྡན་སི་ཝེལ་(Wädenswil ) སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དབུ་ཚུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་འཚོག་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸བཀའ་བློན་ཁྲི་ཟུར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་གདན་ཞུས་ཀྱིས་མི་མང་ལ་བཀའ་སློབ་བཀའ་དྲིན་སྐྱོང་གནང་མཛད་སོང་།སུད་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གསར་འཕྲིན་འདི་བཞིན་ཕྱི་ལོ་ ༡༩༩༣ ལོར་གསར་དུ་དབུ་བརྙེས་ནས་ད་ལྟའི་བར་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་འཚོག་གནང་ཡོད་པ་དང་། མཛད་སྒོའི་ཐོག་༸བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཐོག རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས། ཡུ་རོབ་སྤྱི་ཟུར་རྣམ་པ། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས། སུད་སི་སྐུ་ཚབ་དོན་གཅོད།

གསར་འཕྲིན་དྲ་རྒྱའི་སློབ་སྟོན་པ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་གཙོས་མི་མང་བརྒྱ་ཕྲག་གསུམ་ལྷག་མཉམ་ཞུགས་གནང་སོང་ལ། མཛད་སྒོའི་ཐོག་མར་༸བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཆོད་མེ་ཞལ་ཕྱེ་གནང་བས་མཚོན་མཛད་སྒོའི་སྔོན་འགྲོ་ཁག་གྲུབ་རྗེས། གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྒོ་སྤེ་ཡོན་ཏན་ལགས་ནས་གསར་འཕྲིན་ལོ་ངོ་ཉི་ཤུའི་རིང་མཇུག་སྐྱོང་གནང་དགོས་པའི་དགོས་པ་རྒྱུ་མཚན་ངོ་སྤྲོད་གནང་བ་དང་། དེ་བཞིན་སྐུ་ཚབ་དོན་གཅོད་མཆོག་དང་། མི་མང་ཚོགས་གཙོ་བཅས་ཀྱིས་ད་རེས་མཛད་སྒོ་འདི་དང་འབྲེལ་བའི་བཀའ་སློབ་གནང་། དེ་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་པའི་སྐད་ཡིག་གལ་ཆེན་ཡིན་པ་དང་དེ་སྲུང་སྐྱོབ་ཇི་ལྟར་གནང་དགོས་པའི་ཐད་བཀའ་སློབ་གཟབ་རྒྱས་གནང་བ་དང་། ཉིན་གུང་གསོལ་ཚིགས་རྗེས་གསར་འཕྲིན་དྲ་རྒྱའི་སློབ་སྟོན་པ་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱིས་སླར་ཡང་གསར་འཕྲིན་དྲ་རྒྱ་འདི་བཞིན་ཐོག་མར་འཛུགས་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་བཅས་ཀྱི་ཐད་གཏམ་བཤད་གནང་།༸བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འཕྲིན་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་དང་འབྲེལ་བའི་བཀའ་སློབ་གནང་དོན། ང་ཚོའི་སྤྱི་ཚོགས་ནང་ལ་གསར་འཕྲིན་དང་དུས་དེབ་མང་པོ་ཞིག་ཐོན་ཡོད་ཀྱང་། རྒྱུན་རིང་པོར་གནས་ཐུབ་པ་ཁག་པོ་ཞེ་དྲག་ཡོད་པ་རེད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་གི་གསར་འཕྲིན་དེ་རིགས་ཚེ་ཐུང་ཐུང་ཙམ་མ་གཏོགས་བསྡད་ཡོད་པ་མ་རེད། སུད་སི་ནང་འདི་བཞིན་གསར་འཕྲིན་ལོ་ངོ་ཉི་ཤུའི་དུས་དྲན་མཛད་སྒོ་ཞིག་གནང་བཞིན་པ་འདི་གནང་རིན་ཆོག་པ་ཞིག་རེད་བསམ་གྱིན་འདུག དེ་རིང་གསར་འཕྲིན་ལོ་ཉི་ཤུ་འཁོར་བའི་དུས་དྲན་འདིའི་ཐོག་ལ་ས་གནས་སྒྲིག་འཛུགས་དང་། གསར་འཕྲིན་ནང་ཕྱག་ལས་གནང་མཁན། དེ་བཞིན་མི་མང་ཚང་མས་མ་འོངས་པ་ལ་ལོ་ངོ་སུམ་བཅུའི་རྗེས་སུ་གསར་འཕྲིན་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་འདི་ལས་རྒྱས་པ་ཞིག་འཚོག་གནང་ཐུབ་པའི་དམ་བཅའ་དང་། ཐུགས་སྨོན་གནང་དགོས་པ་དེ་གལ་ཆེན་པོ་རེད་དྲན་གྱིན་འདུག གསར་འཕྲིན་ཟེར་བ་འདི་སྤྱི་ཚོགས་ཤིག་གི་ཆོས་དང་རིག་གནས། ལེགས་བྱང་། ཆབ་སྲིད། སྐད་ཡིག་སོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཞིག་རེད། བོད་པའི་སྤྱི་ཚོགས་ནང་གསར་འཕྲིན་རྒྱུན་རིང་པོར་གནས་མི་ཐུབ་པ་དེ་གཙོ་བོ་ཀློག་པ་པོ་མེད་པའི་དཀའ་ངལ་རེད། ཀློག་པ་པོ་མང་པོ་མེད་པའི་དབང་གིས་དཔལ་འབྱོར་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་སོགས་ཀྱི་མ་འདང་བ་ལ་བརྟེན་ནས་རྒྱུན་ཆད་འགྲོ་བཞིན་པ་རེད། དེང་སྐབས་དྲ་རྒྱའི་ཐོག་ལ་གནས་ཚུལ་བཀོད་ཐུབ་པ་འདིས་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱིན་ཡོད་ཀྱང་། དྲ་རྒྱའི་ཐོག་གི་གནས་ཚུལ་འདིས་ཚགས་ཤོག་ཐོག་ཡོད་པའི་ཡིག་ཆ་ཁག་གི་ཚབ་བྱེད་ཐུབ་ཀྱིན་རེད་དམ་ཟེར་ན།  དེ་ཐུབ་ཐབས་ཡོད་པ་མ་རེད། དྲ་རྒྱ་དང་གསར་ཤོག་གཉིས་ནི་རྒྱུད་ལམ་མི་འདྲ་བ་གཉིས་རེད། ཁོ་གཉིས་ཀྱི་རྒྱུན་རིང་ལོད་དང་། ཕུགས་བརྟན་ལོད། རིན་ཐང་ཆེ་ལོད་སོགས་ནས་མི་འདྲ་བ་རེད། དེ་འདྲ་ཡིན་དུས་དྲ་རྒྱ་དང་གསར་འཕྲིན་གཉིས་ཆ་མཉམ་དུ་འགྲོ་ཐུབ་པ་བྱུང་ན་ཞེ་དྲག་ཡག་གི་རེད། ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་སོང་། ཞིབ་ཕྲ་དྲ་བརྙན་བརྒྱུད་གཟིགས་འབུལ་ཞུ་འཆར་ལགས་ན་དེ་ལུགས་དགོངས་འཇགས་ཡོང་བ་རྒྱུ།ཡུ་རོབ་སྤྱི་ཟུར་དང་སུད་སི་དོན་གཅོད་ཟུར་བ། གསར་འཕྲིན་དྲ་རྒྱའི་སློབ་སྟོན་པ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་གིས་བཀའ་སློབ་ནང་གསལ་དོན། གསར་འཕྲིན་འདི་བཞིན་དང་པོ་གསར་དུ་འཛུགས་དགོས་པའི་རྒྱུ་མཚན་ནི། སུད་སིར་བོད་པའི་སྤྱི་ཚོགས་ནང་བོད་དོན་ལས་འགུལ་སྤེལ་བ་ཁག་རྒྱ་བལ་འབྲུག་གསུམ་གཙོས་པའི་བོད་པ་འདུས་སྡོད་བྱེད་སའི་སྤྱི་ཚོགས་ཁག་གནང་འགྲེམ་སྤེལ་བྱ་ཆེད་དང་། འགྲེམ་སྤེལ་ཞུས་པ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་འབྲེལ་ལམ་དང་། སེམས་ཤུགས། ཆིག་སྒྲིལ་བཅས་ཡོང་བར་ཕན་པ་ཡོང་ངེས་ལ་དགོངས་ནས་གསར་འཛུགས་གནང་བ་ཞིག་དང་། ད་ལྟ་གསར་འཕྲིན་ཚགས་ཤོག་ལོ་གཅིག་ལ་ཐེངས་བཞི་རེ་འགྲེམས་སྤེལ་གནང་སྟེ། བོད་པ་འདུས་སྡོད་ཁག་གི་ས་གནས་དང་ཚོགས་སྡེ་ཁག་མི་འདྲ་བ་བརྒྱད་བཅུ་ལྷག་ལ་འགྲེམས་སྤེལ་གནང་བཞིན་ཡོད། ཅེས་དང་། ༢༠༠༢ ལོ་ནས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་དྲ་རྒྱ་གསར་པ་སྒོ་འབྱེད་གནང་བ་རེད་ལ། ད་ལྟ་དྲ་རྒྱ་འདི་བཞིན་བོད་ཡིག་དང་། འཇར་མན། དབྱིན་ཡིག་བཅས་སྐད་རིགས་མི་འདྲ་བ་གསུམ་གྱི་ཐོག་བཟོས་ཡོད་པ་དང་། སུད་སི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ས་གནས་ཁག་ནས་བོད་དོན་ལས་འགུལ་ཅི་རིགས་སྤེལ་བ་དྲ་རྒྱའི་ནང་འདོན་ཐབས་བྱེད་བཞིན་ཡོད། ད་ལྟའི་མི་མང་གི་དྲ་རྒྱ་འདིར་གཟིགས་མཁན་ཉིན་ལྟར་གྲངས་ལྔ་བརྒྱའི་ཡན་ཟིན་གྱིན་འདུག་པ་དང་། ད་ལོ་ཟླ་བཅུ་ཙམ་གྱི་རིང་ལ་གཟིགས་མཁན་གྲངས་ཆིག་འབུམ་ལྔ་སྟོང་ལྷག་བྱུང་འདུག དེ་བཞིན་རྒྱལ་ཁབ་མི་འདྲ་བ་ལྔ་བཅུ་ལྷག་ནང་དྲ་རྒྱ་འདིར་བལྟ་ཀློག་གནང་བཞིན་འདུག ཅེས་དང་། ད་ལྟ་གསར་འཕྲིན་ནང་ཕྱག་ལས་མཁན་མི་གྲངས་༡༥ ཙམ་ཡོད་པ་ཚང་མས་དཀའ་ལས་སྐྱོན་བཞིན་པ་དང་། མ་འོངས་པར་སྒྲིག་འཛུགས་དང་མི་མང་གིས་མུ་མཐུད་རྒྱབ་སྐྱོར་གནང་དགོས་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་སོང་།ཉིན་རྒྱབ་༸བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༠༠ ནས་ཕྱི་ལོ་ ༡༩༥༩ ལོ་བར་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ལ་བཀའ་སློབ་ཟབ་རྒྱས་གནང་རྗེས། མང་ཚོགས་ནས་རིན་པོ་མཆོག་ལ་བརྗོད་གཞི་དང་འབྲེལ་བའི་དྲི་བ་དྲིས་ལན་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད། ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ལ་སྐབས་བརྒྱད་པའི་མི་མང་ཚོགས་ཟུར་གསར་འཕྲིན་སློབ་སྟོན་པ་འོར་བ་རིགས་འཛིན་རྡོ་རྗེ་ལགས་ནས་མཛད་སྒོ་མཇུག་སྡོམ་བཀའ་སློབ་གནང་བ་དང་འབྲེལ་ལས་རིམ་མཇུག་སྒྲིལ་གནང་སོང་བ་བཅས་དང་།

ཐེངས་འདིར་བོད་རིགས་མི་མང་གི་ཟློས་གར་ཚོགས་པ་ནས་ཀྱང་རྔོན་པ་དང་སྒྲ་སྙན་ཞབས་བྲོ་སོགས་འཁྲབ་སྟོན་གཟིགས་འབུལ་གནང་བར་མང་ཚོགས་ནས་དགྱེས་འཚོར་ཆེན་པོ་བྱུང་སོང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  ཙ་ཡུལ་ཕུན་ཚོགས།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།