ཚེས་ ༢༣ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་གནས་ཚུལ།
མདོ་སྨད་རེབ་གོང་མགོན་ཤུལ་དམེ་སྐོར་རུ་ཁག་དང་པོ་ནས་ཡིན་པ་རྟ་མགྲིན་རྡོ་རྗེ་༼རང་ལོ་ ༢༩༽ལགས་ཀྱིས། ཚེས་ ༢༣ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པའི་སྟེང་། རྡོ་དཀར་མོ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་འདུག དེ་ཡང་ཁོང་གི་རང་ལུས་ལ་མེ་སྦར་ཏེ་གོམ་པ་བཅུ་ཙམ་བར་གོམ་བགྲོད་གནང་འདུག་ཅིང་། དེ་མཚམས་ས་ལ་འགྱེལ་བ་ནས་ཡང་བསྐྱར་ཡར་ལངས་ཏེ་གོམ་བགྲོད་ཀྱི་སྟངས་ཀ་བྱས་པ་དེ་མ་ཐག་སར་འགྱེལ་མུར་འདས་གྲོངས་ཕྱིན་ཡོད་འདུག་ལ། གནས་ཚུལ་འདིའི་རྗེས་འབྲེལ་དུ་ས་གནས་མི་མང་དང་འདབས་འབྲེལ་གྱི་དགོན་སྡེ་ཁག་ནས་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་དཔའ་བོ་ཁོང་གི་སྐུ་ཕུང་མགོན་ཤུལ་སྔགས་སྒར་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཉེ་འགྲམ་དུར་ཁྲོད་ནང་གདན་ཞུས་ཀྱིས་ཞུགས་འབུལ་ཞུས་ཡོད་འདུག
འདི་གར་འབྲེལ་ཡོད་བརྒྱུད་གནས་ཚུལ་རག་སོན་ལྟར་ན། ཉེ་བའི་ཉིན་ཤས་གོང་ཁོང་གིས་ནང་མི་ཚང་མ་ལྷན་དུ་འཛོམས་བཅུག་ནས་ལྷན་དུ་གླེང་མོལ་དང་བཟའ་བཏུང་ལ་རོལ་འདུག་པ་དང་། དེ་བཞིན་དགའ་ཉེ་དང་གྲོགས་པོ་ཁག་ཅིག་རྩེ་ཁོག་རྫོང་ཐོག་ལ་ཁྲིད་སོང་ནས་དགའ་འཛོམས་མཐའ་མ་བྱས་ཡོད་འདུག་ལ། གནས་སྐབས་དེ་དག་ཏུ་འདི་ལྟར་དམ་དྲག་དང་མནར་གཅོད་འོག་ནས་ང་ཚོས་སྡུག་སྒོམ་བྱས་ནས་སྡོད་རྒྱུ་དཀའ་ཚུལ་སོགས་ཡང་ཡང་གླེང་ཞིང་། ལྷག་པར་རང་ལུས་མེར་བསྲེགས་མ་བཏང་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ཙམ་ལ་གྲོགས་པོ་ཞིག་དང་ཁ་བརྡ་བྱས་འདུག་པའི་སྐབས་སུའང་། འདི་ལྟར་མནར་གཅོད་དང་དམ་དྲག་གི་འོག་ནས་སྡོད་བཟོད་དཀའ་བའི་སྐོར་གླེང་མོལ་བྱུང་ཡོད་འདུག
གནས་ཚུལ་འབྱུང་ཁུངས་ ཁ་བརྡ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།