ཚོགས་ཆུང་ཤྭ་ཧྥའོ་སེན་མི་མང་ནས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་ཤིག་ཕུལ།

ཕྱི་ལོ་༢༠༡༩ ཟླ་༥ པའི་ཚེས་༢༦ རེ་བཟའ་ཉི་མའི་ཉིན་སུད་སི་ས་གནས་བོད་རིགས་ཚོགས་ཆུང་ས་གནས་ཤྭ་ཧྥའོ་སེན་མི་མང་ནས་སྐུའི་གཅུང་མོ་ལྷ་ལྕམ་སྐུ་ཞབས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་སྐུ་ཚེ་ཧྲིལ་པོ་བོད་རིགས་མི་རིགས་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་གནང་བ་བཅས་ལ་ཐུགས་རྗེ་ཞེས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

མཛད་སྒོ་དེའི་སྟེང་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཅོག་དང་། ཡུ་རོབ་སྤྱི་འཐུས་སྐུ་ངོ་ཟམ་གདོང་བྱམས་པ་ལགས་དང་། སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན། བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་སོགས་གནད་ཡོད་མི་སྣ་དང་། ས་གནས་རྒྱུན་ལས་དང་ཚོགས་མི་རྣམས་མཉམ་འཛོམས་གནང་ཡོད་པ་དང་།

མཛད་སྒོའི་སྟེང་ཐོག་མ་ས་གནས་ཤྭ་ཧྥའོ་སེན་ཚོགས་གཙོ་དང་བོད་རིགས་མི་མང་འཐུས་མི་གཅིག་ལྕོག་རྒྱལ་རྡོ་ཚང་ཡོན་ཏན་རིན་ཆེན་ནས་གཟེངས་རྟགས་འབུལ་དགོས་པའི་དོན་གནད་དང་འབྲེལ་བའི་ལོ་རྒྱུས་བརྒྱུད་རིམ་བཅས་ངོ་སྤྲོད་གནང་བའི་རྗེས་སུ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་མཆོག་ནས་༧གོང་ས་མཆོག་གི་རྣམ་ཐར་མཛད་འཕྲིན་སྐོར་དང་། སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ནས་བཙན་བྱོལ་ནང་ལོ་མང་རིང་བོད་ཕྲུག་སྟོང་ཕྲག་མང་པོ་བཀའ་དྲིན་གྱིས་བསྐྱངས་ཚུལ་སོགས་ཀྱི་ལོ་རྒྱུས་གསུངས་བཤད་གནང་ཡོད་པ་རེད།

དེ་ནས་སུད་སི་གནས་བཞུགས་ཡུ་རོབ་སྤྱི་འཐུས་ཟམ་གདོམ་བྱམས་པ་ལགས་ནས་བཙན་བྱོལ་དབུས་བོད་མིའི་སྒྲིག་གི་སྲིད་ལུགས་ལམ་ཕྱོགས་དང་བོད་མིའི་བཟང་སྤྱོད་ཡར་རྒྱས་དགོས་ཚུལ་བཅས་ཀྱི་སྟེང་བཀའ་སློབ་གནང་ཡོད།
དེ་མཚམས་སུ་མཛད་སྒོ་དངོས་གཞིའི་དམིགས་ཡུལ་བཞིན་ས་གནས་ཤྭ་ཧའོ་སེན་ཚོགས་གཙོ་དང་རྒྱུན་ལས་བཅས་ནས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐུགས་རྗེ་ཆེ་ཞེས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་རྗེས།
གདན་ཞུས་སྐུ་མགྲོན་གཙོ་བོ་སྐུའི་གཅུང་མོ་ལྷ་ལྕམ་ཨ་མ་རྗེ་བཙུན་པདྨ་མཆོག་ནས། བོད་མི་རྣམས་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་བ་དང་། ཡུལ་ཁྲིམས་སྲུང་དགོས་པ་སོགས་མི་རབས་གསར་པ་རྣམས་ལ་བླང་དོར་ལམ་སྟོན་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་ཡོད་པ་དང་།

མཇུག་ཏུ་སུད་སི་བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་སུད་སི་རྒྱལ་ཁོངས་སུ་ཡོད་པའི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་དང་། སྐུའི་གཅུང་མོ་མཆོག་གི་སྐུ་ངལ་སྐྱོན་བཞིན་པ་བཅས་ཀྱི་ཐད་ལ་འགྲེལ་བཤད་གནང་བ་དང་འབྲེལ། ས་གནས་ཤྭ་ཧྥའོ་སེན་ཚོགས་གཙོ་རྒྱ་རྡོ་ཚང་ཡོན་ཏན་རིན་ཆེན་ནས་གདན་ཞུས་སྐུ་མགྲོན་གཙོ་བོ་ཨ་མ་རྗེ་བཙུན་པདྨ་མཆོག་བཅས་ལ་ཐུགས་རྗེ་ཆེས་གཏམ་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 5 སྡོམས་རོགས།