ཞིས་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ། སུད་སི་གཞུང་གི་བྱེད་སྟངས་ལ་བློ་ཕམ།

དེ་རིང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་༢༠༡༧།༠༡།༡༧ཉིན་རྗི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་སྲིད་འཛིན་སུད་སིར་འབྱོར་སྐབས་དང་བསྟུན་ཞིས་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཞིང་། བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་བོ་ལགས་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་ལགས། ས་གནས་བུད་མེད་ཚོགས་པའི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་བ་དང་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་མི་José Amrein-Murer ལགས། སུད་སི་ས་གནས་དོན་གཅོད་ལས་ཁུངས་ཀྱི་ལས་མི་དང་སུད་སི་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སོགས་གཙོ་བྱས་ཕྱི་རྒྱལ་དང་བོད་རིགས་ཉིས་བརྒྱ་ལྷག་འཛོམས་ཐོག་ཞི་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་གནང་སོང་།

ཚོགས་གཙོ་བསྟན་འཛིན་སྙིང་བོ་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གནང་དོན་ལྟར་ན། རྒྱ་ནག་གི་སྲིན་འཛིན་ཞིས་ཅིན་ཕེན་གཞུང་འབྲེལ་ཐོག་སུད་སི་ལ་སླེབས་ཀྱི་ཡོད་པ་ཟླ་བ་བཅུ་གཉིས་པའི་ཟླ་འགོ་ནས་གོ་ཐོས་བྱུང་བ་བཞིན་ང་ཚོས་ས་གནས་སུད་སི་གཞུང་དང་བཀའ་མོལ་ཐེངས་མང་བྱུང་ཞིང་ཁོང་ཚོས་གསུང་རྒྱུར་ཞིས་ཅིན་ཕེན་སླེབས་སྐབས་ངོ་རྒོལ་གྱི་ལས་འགུལ་གང་ཉུང་ཉུང་ཞིག་ལ་བསམ་གཞིགས་གནང་རོགས་ཞུ་ཞུས་པ་བཞིན་ང་ཚོས་གྲོས་བསྡུར་བྱས་ཏེ་ཚེས་༡༨ ཉིན་རྗི་ནེ་ཝར་ངོ་རྒོལ་སྐད་འབོད་དང་ཚེས་༡༥ཉིན་རྒྱལ་ས་བྷེན་ལ་ངོ་རྒོལ་སྐད་འབོད་ཀྱི་འབོད་སྐུལ་ཞུས་པ་ཡིན། དེ་བཞིན་གཏམ་བཟང་ཞིག་ལ་བོད་དོན་ཞུ་གཏུག་གི་སྙན་ཞུ་ཞིག་ང་ཚོས་ཞིས་ཅིན་ཕེན་ལ་བྲིས་ཏེ་སུད་སིའི་ཕྱི་སྲིད་ལས་ཁུངས་སུ་ཕུལ་ཞིང་ཁོང་ཚོ་མཇལ་འཕྲད་སྐབས་སུ་ཚོང་འབྲེལ་གྱི་བདེ་འཇགས་ནང་ལ་འགྲོ་བ་མིའི་ཐོབ་ཐང་འཁོད་པའི་ཐོག་ནས་བོད་དོན་གླེང་སློང་བྱེད་པ་དང་། ང་ཚོས་ཕུལ་བའི་སྙན་ཞུ་དེ་རྒྱ་ནག་གཞུང་ལ་ཕུལ་ཆོག་པའི་ཁས་ལེན་གནང་བ་བཞིན་ལས་རིམ་དག་འགྲོ་བཞིན་ཡོད། ཚེས་༡༥་ལ་ཆ་མཚོན་ནའང་སྔོ་དྲོའི་དུས་ཚོད་༡༠ནས་༡༢ བར་དུ་མ་གཏོགས་སྐད་འབོད་ཀྱི་ཆོག་མཆན་མ་རག་ནའང་། ང་ཚོས་དུས་ཚོད་ཐུང་ཐུང་དེའི་ནང་ལ་ཧ་ལས་པའི་དོན་དག་འགྲུབ་ཡོད་པ་རེད། ཚང་མའི་མཁྱེན་གསལ་ལྟར་འཛམ་གླིང་གི་གསལ་འགྱུར་ཆེ་ཁག་དག་གི་རྒྱུད་ལམ་ནས་ཁ་སང་གི་ལས་འགུལ་དེ་དང་འབྲེལ་ནས་བོད་དོན་གྱི་དཀའ་རྙོག་གླེང་སློང་གནང་བ། འཛམ་གླིང་གི་གསར་འགོད་པ་དག་གིས་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དང་སུད་སི་གཞུང་ལ་སྐྱོན་འཛུགས་བྱེད་པ། རྒྱ་ནག་གཞུང་ལ་དེ་བཞིན་སྐྱོན་འཛུགས་བྱེད་པ་སོགས་བྱུང་ཡོད་པ་རེད། དེ་རིང་གི་ལས་འགུལ་འདིར་མཚོན་ན་ཚེས་༡༨ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་མཉམ་འབྲེལ་རྒྱལ་ཚོགས་སུ་སླེབས་ཀྱི་ཡོད་པ་རེད། དེའི་ཕྱིར། ང་ཚོར་ཚེས་༡༨ལ་ངོ་རྒོལ་སྐད་འབོད་ཀྱི་ཆོག་མཆན་མ་རག་ནའང་ཚེས་༡༧ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་རྡུང་དེ་སང་ཉིན་ཞིས་ཅིན་ཕིན་མཉམ་འབྲེལ་རྒྱལ་ཚོགས་སུ་སླེབས་སྐབས་སུ་བོད་དོན་གླེང་སློང་དགོས་པའི་ཞུ་གཏུག་བྱས་ཤིང་། དུས་ཚོད་གསུམ་པའི་སྟེང་ལ་མཉལ་འབྲེལ་རྒྱལ་ཚོགས་སུ་ཕུལ་རྒྱུའི་སྙན་ཞུ་དེ་ཕུལ་རྩིས་ཡོད། དེང་སང་སྤྱི་ཚོགས་ནང་ལ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ཁྱབ་བཞིན་ཡོད་པ་འདྲ། དེའི་ཐོག་ལ་ཁ་སང་བྷེན་ནས་ཀྱང་ཞུས་པ་ཡིན་ལ་དེ་རིང་ཡང་ཞུས་འདོད་ཡོད་ཅེས་དང་།  སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་ནས་གསུང་བཤད་གནང་ཞིང་།དེ་ནས་ས་གནས་བོད་རིགས་བུད་མེད་ཚོགས་པའི་སྐུ་ཚབ་པད་མ་ལགས་ཀྱིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་དང་། ཡ་ཆེན་དགོན་དང་བླ་རུང་སྒར་གྱི་དོན་རྐྱེན། དེ་མིན་བཙོན་འཇུག་བྱས་ཡོད་པའི་སྤུན་ཟླ་དག་གང་མགྱོགས་ངང་གློད་གྲོལ་དགོས་པའི་འབོད་སྐུལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་ལ་ཞུས་བྱུང་ལ། སུད་སི་ས་གནས་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཟླ་བ་ཚུལ་ཁྲིམས་མཆོག་གིས་ལས་འགུལ་བ་དག་ལ་འཚམས་འདྲི་དང་སྦྲགས་གསུང་དོན་ངོ་མ་བཤད་ན་ཚེས་༡༧་ནི་སྐད་འབོད་ཀྱི་ཉིན་མོ་དེ་མ་རེད། སང་ཉིན་ནི་སྐད་འབོད་ཀྱི་ཉིན་མོ་དེ་ཡིན་མོད། སུད་སི་གཞུང་གི་ངོས་ནས་ང་ཚོར་ངོ་རྒོལ་སྐད་འབོད་ཀྱི་དུས་ཚོད་དེ་དེ་རིང་མ་གཏོགས་མ་སྤྲད་པ་རེད། སྤྱིར་བཤད་ན་སུད་སི་རྒྱལ་ཁབ་ནི་སྨྲ་བརྗོད་ཀྱི་རང་དབང་དང་གཏམ་བརྗོད་ཀྱི་རང་དབང་། དེ་བཞིན་འདུ་འཛོམས་ཀྱི་རང་དབང་སོགས་རང་དབང་ཆ་ཚང་ཡོད་པ་རེད་ཅེས་བཤད་ཀྱིན་ཡོད་པ་རེད་མོད།གལ་ལ་ཐུག་ཡོང་དུས་རང་དབང་དེ་དག་ལོངས་སྤྱོད་ཀྱི་གོ་སྐབས་སྤྲད་ཀྱིན་ཡོད་པ་མ་རེད།དེ་ནི་ཧ་ཅང་བློ་ཕམ་སྐྱེ་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་ཅེས་ཞུ་རྒྱུ་ཡིན། ཁ་སང་བྷེན་ལ་སྐད་འབོད་གནང་བའི་སྐབས་སུ་རྩ་བའི་དུས་ཚོད་ཀྱི་ཆ་ནས་ཆོག་མཆན་ཡོད་མེད་ཀྱི་གནས་སྟངས་ཤིག་གི་རྐྱེན་གྱིས་ཉེན་རྟོག་པས་འཇུ་བཟུང་གནང་བཞིན་ཡོད་པ་རེད་དེ། ཡིན་ནའང་འཇུ་བཟུང་གནང་སྟངས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ཧ་ལམ་མི་དེས་མཚོན་ཆ་ཆེན་པོ་ཞིག་ཁུར་ཡོད་པ་དང་འདྲ་བར་འཇུ་བཟུང་གནང་སྟངས་དེར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། མ་འོངས་པར་ང་ཚོའི་སྐད་འབོད་གནང་དུས་ཁྲིམས་དང་ཆེ་མཐོང་ལྡན་པའི་ཐོག་ནས་སྐད་འབོད་གནང་རྒྱུ་གལ་ཆེན་པོ་རེད་འདུག དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་ནང་དུ་འདི་འདྲ་ཞིག་ཡིན་ན་བོད་ནང་ལ་བཤད་མ་དགོས་པ་རེད་རེད། དེའི་ཕྱིར། ཚང་མས་སྐད་འབོད་གནང་སྟངས་སོགས་ལ་ཡིད་གཟབ་ཡོད་པའི་སྒོ་ནས་བོད་པའི་རྩ་དོན་ཐོག་ལ་འབད་པ་གནང་རོགས་སོགས་གསུང་རྗེས།སུད་སི་དོན་གཅོད་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་ཀྱིས་ཉམས་མྱོང་དང་སྦྲགས་གཏམ་བཤད་གནང་བ་མ་ཟད། གྲང་རླུང་རབ་ཏུ་ཆེ་བའི་དགུན་གཞུང་འདིར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཁར་རླུང་ལ་སྐྱོད་བཞིན་དུས་ཚོད་གང་མང་ཞིག་ལ་སྐད་འབོད་གནང་རྗེས་མཐར་བདེན་ཚིག་སྨོན་ལམ་དང་བཅས་ངོ་རྒོལ་ལས་འགུལ་ཡོངས་སུ་མཇུག་སྒྲིལ་བྱུང་།

འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་སུད་སི་དང་ལིག་ཏེན་སིེཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་བཅར་འདྲི་ཞུས་པའི་ནང་བརྗོད་དོན། རྩ་བའི་དེ་རིང་གི་ལས་འགུལ་འདི་ཞོགས་པའི་ཆུ་ཚོད་༡༡ ནས་༡༦ བར་ཡིན་པ་སུད་སི་ཕྱི་སྲིད་ལས་ཁུངས་དང་ཇི་ནེ་ཝ་ཉེན་རྟོག་ལས་ཁུངས་བཅས་ཀྱི་ངོས་ནས་ཆོག་མཆན་གཏན་འབེབ་གནང་ཡོད་ནའང་། ཁ་སང་ཉིན་རྒྱབ་ལ་གློ་བུར་ཕྱི་སྲིད་ལས་ཁུངས་ནས་ཁ་པར་སླེབས་ཏེ་ང་ཚོའི་ལས་འགུལ་འདི་ཉིན་རྒྱབ་ཆུ་ཚོད་༢ ནས་༨ བར་གནང་རོགས་ཟེར་ནས་བཤད་བྱུང་། ཡིན་ནའང་ང་ཚོའི་ངོས་ནས་ངོས་ལེན་རྩ་བ་ཉིད་ནས་བྱས་མེད། དེ་འདྲ་ཡིན་ན་ཚེས་༡༧ སྐད་འབོད་བྱ་རྒྱུ་མིན། ཚེས་༡༨ ཉིན་ཆོག་མཆན་དགོས་ཀྱི་ཡོད་ཟེར་ནས་ཞུས་པ་ཡིན། དེ་བས་མཐར་དང་པོའའི་ཐག་གཅོད་ལྟར་ཆོག་མཆན་སྤྲད་པ་རེད།  ཡིན་ནའང་དེ་རིང་ཞོགས་ང་ཚོ་ས་གནས་Lausanne ཉེས་འཁྲིས་སུ་སླེབས་སྐབས། ཉེན་རྟོག་པས་ཁ་པར་ཞིག་སླེབས་ཏེ་ཁྱེད་རང་གང་ན་ཡོད་ཟེར་གྱིན་འདུག ངས་ང་རང་སླེབས་ཡོད་སའི་ས་ཆ་བཤད་པ་ཡིན། ཏོག་ཙམ་མར་སོང་བས་ཉེན་རྟོག་པའི་གཞུང་ལམ་བཀག་འདུག རླངས་འཁོར་སྟོང་ཕྲག་ཁ་ཤས་བཀག་འདུག བཤད་པ་ཡིན་ན་ལམ་དུ་རླུང་འཚུབ་རྒྱག་པའི་ཉེན་ཁ་ཡོད་ཚུལ་བཤད་དེ་ཉེན་རྟོག་པའི་རླངས་འཁོར་ཞིག་ལམ་གྱི་དཀྱིལ་དུ་བཞག་སྟེ་བཀག་འདུག ང་ཚོ་དེར་ཆུ་ཚོད་གསུམ་གྱི་རིང་བཀག་སོང་། ལམ་འགྲོ་བ་རླུངས་འཁོར་ཧ་ཅང་མང་པོ་བཀག་འདུག ང་ཚོ་ཉེན་རྟོག་པའི་འཁྲིས་ལ་སླེབས་མ་ཐག་ད་འགྲོ་ཆོག་གི་རེད་ཟེར་ནས་འགྲོ་རུ་བཅུག་སོང་། ང་ཚོ་ཕར་འགྲོ་དུས་ལམ་ཁ་དེ་འདྲའི་ཉེན་ཁ་མི་འདུག་ལ། མར་ཡོང་མཁན་གྱི་རླུངས་འཁོར་རྣམས་རང་ཆ་ཡོང་གི་འདུག དེ་འདྲ་ཡིན་དུས། ང་ཚོར་དོགས་པ་ཞིག་ག་རེ་ཡོད་ཟེར་ན། ཧ་ལམ་དེ་རིང་ཞོགས་པའི་ཆུ་ཚོད་༡༡ གཡས་གཡོན་དེ་འདྲ་ཞིག་ལ་རྒྱལ་ཚོགས་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡིན་ན་ཅིག་སླེབས་ཡིན་པར་དོགས་པ་ཡོད། དེ་ནས་ང་ཚོ་ལམ་ཁ་ནས་ཐར་ཏེ་འགྲོ་བའི་སྐབས་སུ་ཡང་བསྐྱར་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་པར་འབྱོར་ཏེ། དེ་རིང་ཁྱོད་ཚོ་ལམ་ཁ་ནས་ཞེ་བོ་འགག་སོང་། དེ་རིང་ཆུ་ཚོད་བརྒྱད་པ་པར་དུ་སྐད་འབོད་བྱེད་ཆོག་གི་ཡོད་ཟེར། གང་ལྟར་ཕྱོགས་ཡོངས་ལ་བལྟས་པ་ཡིན་ན་དེ་རིང་ལམ་ཁ་བཀག་པ་དེ་ང་ཚོའི་ལས་འགུལ་འགོག་པའི་ཆེད་དུ་ཡིན་པ་གསལ་བོ་འདྲ་བོ་རེད།  ཅེས་སོགས་གསུང་ཡོད་འདུག
གསར་འགོད་པ། དམེ་ཚང་བཀྲ་ཤིས་རྒྱ་མཚོ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།