འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཞུ་གཏུགས་ཀྱི་ཞི་རྒོལ།
༄༅། ཕྱི་ལོ་ ༢༠༡༥ ལོར་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཚེན་ཐེངས་ ༣༠ པ་ཚོགས་བཞིན་པའི་གོ་སྐབས་དང་བསྟུན། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་ ༡༦ པའི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་འོག་ས་གནས་ཚོགས་ཆུང་ཁག་འགྲོ་རེས་ཆ་བགོས་ཐོག་ཞུ་གཏུགས་ཀྱི་ལས་འགུལ་ཐེངས་ ༣ པ་དེ་སྤེལ་ཡོད། དེ་ཡང་གནས་དོན་གཙོ་བོ་ནི། སྔོན་མའི་བརྗོད་གཞི་ལྟར། བོད་རྒྱ་ཞི་མོལ་མྱུར་ནས་མྱུར་དུ་འགོ་འཛུགས་ཐབས་ཀྱི་རྒྱབ་སྐྱོར་དགོས་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ནང་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པ་བཅས་རེད།
༢༠༡༥ ཟླ་ ༩ ཚེས་ ༡༨ རེས་གཟའ་པ་སངས་ཉིན་ཞོགས་པ་ཕྱག་ཚོད་ ༡༡།༠༠ ནས་ ཕྱེད་ཡོལ་ ༡༥།༣༠ བར་ས་གནས་ཚོགས་ཆུང། མུནཁུ་ཝི་ལན་དང་ཝིལ། ར་སྤར་སེ་ཝིལ་ཡོ་ན། རི་ཀོན། རུ་ཏི། ལཱའོ་ས་ནེ། བཅས་ཚོགས་ཆུང་ལྔའི་ས་འཐུས་དང་མི་མང་བཅས་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་ས་འཐུས་བསྟན་འཛིན་ལྷ་མོ་ལགས་ནས་ལས་རིམ་གསལ་བསྒྲགས་དང་བསྟུན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་བོད་ཀྱི་དཔའ་བོ་དཔའ་མོ་འདས་གྲོངས་ཕྱིན་པ་རྣམས་ཀྱི་ཆེད་ངག་གཅད་
སྐར་མ་གཅིག་རིང་གནང། དེ་མཚམས་ས་འཐུས་འཆི་མེད་རྡོ་རྗེ་ལགས་ནས་ལས་འགུལ་གྱི་དགོས་པ་རྒྱུ་ཚན་དང་དམིགས་ཡུལ་སོགས་གསལ་བཤད་གནང། ཞི་བའི་སྐད་འབོད་འུར་སྒྲའི་ངང་ཡང་ཡང་བྱས།
མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཞུ་སྙན་ལྗགས་ཀློག་གནང་བ་དང་སྦྲགས་མ་འོང་པར་དེ་རིང་ལྟ་བུ་ལས་འགུལ་སྤེལ་སྐབས་མི་མང་གང་མང་མཉམ་ཞུགས་གནང་ཐབས་ཡོང་བ་རྒྱུད་བསྐུལ་ནན་གཏན་ཡང་གནང། དེ་བཞིན་དབུས་དང་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་གསུང་བཤད་དང་ལྷག་དོན་ཞི་བའི་ཞུ་གཏུགས་སྐད་འབོད་འདི་ལྟ་བུ་བྱས་ན་ཕན་ཐོག་གཏན་གཏན་ཡོང་གི་ཡོད་པ། ལྷ་རབ་བྱུང་ན་མཉམ་འབྲེལ་རྒྱལ་ཚོགས་ཉིན་གྲངས་ཇི་ཙམ་འཚོགས་པའི་རིང་དེ་ཙམ་ཉིན་ལྟར་ང་ཚོས་ལས་འགུལ་འདི་ལྟ་བུའི་སྤེལ་ཐུབ་ན་ཧ་
ཅང་གཟི་བརྗིད་དང་སྐབས་སུ་བབ་པའི་ས་གནས་ས་ཐོག་ཏུ་ཡོད་པའི་ལས་འགན་ཞིག་ཀྱང་ཆགས་ཡོད་བཅས་བཀའ་སློབ་གསུང་བཤད་གནང། དེ་ནས་ཉིན་དགུང་བར་སེང་ཐུང་ཙམ་གནང་རྗེས་བསྐྱར་འཛོམས་ཀྱིས་ཞི་བའི་སྐད་འབོད་ཡང་ཡང་དང། ཞལ་འདོན་སྨོན་ལམ་སོགས་གསུང་འདོན་གནང། ཕྱོགས་གང་སར་ཕྱི་མི་ལམ་དུ་འགྲོ་མི་རྣམས་ལ་ཞུ་གཏུགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་ཐུབ་པ་བྱུང་ཡོད། ལྷག་དོན་གོང་གི་བརྗོད་གཞི་ལྟར་ཞུ་གཏུགས་ཀྱི་སྙན་ཞུ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སུ་ཕུལ་རྗེས་མཐར་ཕྱག་ཚོད་
༡༥།༣༠ ཐོག་དེ་ཉིན་གྱི་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་བཅས་ཀྱི་གནས་བསྡུས་སུ།། བསམ་པ་དོན་གྲུབ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།