ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་གསར་འཕྲིན་དྲ་རྒྱ་ཚོགྶ་ཆུང་ནས་བཅར་འདྲི་ཞུ་བ།
༄༅། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྲིད་སྐྱོང་མཁས་དབང་༸མི་རྗེ་སྐོུ་བློ་བཟང་སེངྒེ་མཆོག་སུད་སི་ཁུལ་གྱི་གཞུང་འབྲེལ་ཆིབས་བསྒྱུར་གནང་བར་་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དྲ་རྒྱ་ཚོགྶ་ཆུང་ནས་བཅར་འདྲི་དོན་ཚན་ཁག་ཅིག་ཞུ་རྒྱུར།
༡༽ བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ཐད་ད་ཕན་ང་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་གདུང་སེམས་མཉམ་སྐྱེད་མཚོན་བྱེད་བསྔོ་སྨོན་མཆོད་འབུལ་སོགས་རྒྱ་ཆེ་ཞུས་དང་ཞུ་མུས་ཐོག རྒྱ་ནག་གི་གཞུང་ཚབ་དང་། མཉམ་སྦྲེལ་རྒྱལ་ཚོགས། འགྲོ་བ་མིའི་ལས་ཁུངས་མདུན་བཅས་པར་ཁྲོམ་རྒོལ་སོགས་ཞུ་བཞིན་ཡོད་མུས་ཀྱང་། དེ་མ་ཡིན་པའི་ལས་འགུལ་སྤེལ་རྒྱུ་ག་རེ་གཟིགས་ཀྱི་ཡོད་དམ།
༢༽ བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ཆེད་གཞུང་མང་གཉིས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་དང་། མང་གཙོའི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་གཏོང་ཕྱོགས། མང་གཙོར་མེད་དུ་མི་རུང་བའི་ཁྲིམས་སྒྲིག་ཁག་ལ་ཁ་ཞེ་གཉིས་མེད་ཀྱི་བརྩི་བཀུར་ལག་ལེན་བསྟར་རྒྱུ་སོགས་གལ་འགངས་ཆེན་པོ་གཟིགས་ཀྱི་ཡོད་དམ།
༣༽ བོད་ཀྱི་དཀའ་རྙོག་སེལ་ཐབས་ཆེད་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ནས་མཛད་འགན་གཟབ་བཞེས་གནང་མུས་ཐོག་བོད་མི་མང་ཚོགས་ནས་རམ་འདེགས་ཞུ་གལ་ཆེ་བ་ག་རེ་ཡོད་དམ་བཀའ་སློབ་ལམ་སྟོན་གནང་རོགས།
༤༽ བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་ཀྱི་བྱེད་སྒོ་སོགས་སྐབས་རེ་ཡུ་རོབ་བོད་རིགས་ཡོངས་རྫོཊ་མཉམ་རུབ་ཀྱི་ལས་འགུལ་སྤེལ་གལ་མངོན་ཡང། ནམ་ཞག་རྒྱུན་དུ་ས་གནས་སོ་སོར་བྱེད་དགོས་རིགས་རྒྱུན་ཁྱོང་ཐུབ་པར་འབད་རྩོལ་གནང་ན་དོན་གནས་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བ་ཡོད་པ་ཞིག་མངོན་འདུག་པས། འདི་སྐོར་སྲིད་སྐྱོང་མཆོག་ནས་དགོངས་ཚུལ་ཇི་ལྟར་ཡོད་དམ།
༥༽ ང་ཚོའི་སྤྱི་ཚོགས་ནང་སྤྱི་པའི་ལས་དོན་བྱེད་སྐབས་ཕྲན་བུའི་ལྟ་བ་མཐུན་མིན་འདྲ་བྱུང་བ་ཡིན་ན། བོད་དོན་ཛ་དྲག་གནས་བབ་ཇི་ཡོད་བརྗེད་ནས་ནང་ཁུལ་འཁོན་འཛིན་གྱི་མགོ་བོ་འཁོར་ནས། རྒྱ་དམར་སྲིད་གཞུང་ལ་འཐབ་རྩོད་བྱེད་པའི་ནུས་པར་བར་ཆད་ཆེན་པོ་ཡོང་འདུག་པའི་གནས་ཚུལ་མང་པོ་ཡོད། དེ་རིགས་མ་ཡོང་བའི་སྔོན་འགོག་ཐབས་ཤེས་ག་རེ་གཟིགས་ཀྱི་ཡོད་དམ།
༦༽ སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ་དང་། ཟླ་བ་གསུམ་རེར་འདོན་སྤེལ་ཞུ་བའི་བོད་ཡིག་གསར་འཕྲིན་ལ་སྐོུ་མཆོག་གི་ཐུགས་སྣང་བྱུང་ཡོད་དམ། ཡོད་ན་དེའི་ཐོག་ཡར་རྒྱས་གཏོང་ཐབས་ལམ་སྟོན་སྐྱབས་འཇུག་གནང་སྐྱོང་།
སྐོུ་མཆོག་ཧ་ཅང་གི་མཛད་བྲེལ་ཆེན་པོ་ཡོད་པར་མ་ལྟོས་པར་སྐུ་ངལ་འཛེམས་མེད་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་བར་གསར་འཕྲིན་དྲ་རྒྱའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།