ཡུ་རོབ་གྲོས་ཚོགས་ཀྱི་ཀིརྟི་དགོན་པར་རྒྱབ་སྐྱོར་གྱི་བསྒྲགས་གཏམ།

ད་སྐབས་ཀིརྟི་དགོན་གྱི་གྲྭ་པ་བཀག་ཉར་བྱས་པ་རྣམས་མྱུར་དུ་གློད་གྲོལ་དང། དགོན་པ་ནས་བསྐྲད་པ་རྣམས་བསྐྱར་འཇུག་གིས་སློབ་གཉེར་གྱི་གོ་སྐབས་འབུལ་དགོས་པ། རྒྱ་མིའི་དྲག་ཆས་དམག་མི་བཀག་འགོག་བྱེད་སྐབས་ཉེས་རྡུང་ཚད་མེད་ཕོག་པའི་མི་མང་རྣམས་ལ་སེམས་གསོ་དང། རྒྱ་གཞུང་གིས་དྲང་བདེན་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་རྒྱུའི་འགན་ངེས་པར་དུ་འཁྱེར་དགོས་ཞེས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཨིཌི་ཝར་མཱེག་མཱི་ལིན་མཆོག་གིས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་༡༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཨིཌི་ཝར་མཱེག་མཱི་ལིན་མཆོག་གིས། ཀིརྟི་དགོན་གྱི་དགེ་འདུན་པ་དང་བོད་མི་རྣམས་ཀྱི་ཆེད་དུ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང། དེ་ཡང་ད་ལྟའི་སྐབས་རྒྱ་གཞུང་གིས་མདོ་སྨད་རྔ་པ་ཁུལ་གྱི་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་བཀག་ཉར་དང། མི་མང་གིས་དགེ་འདུན་པ་ཚོར་རྒྱབ་སྐྱོར་བྱེད་སྐབས་དྲག་ཆས་དམག་མིའི་ཉེས་རྡུང་ཚད་མེད་བཏང་ནས། བོད་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད་པས། ཨ་རི་སོགས་ཀྱིས་རྒྱ་ནག་ལ་བོད་མི་རྣམས་ཀྱི་དཀའ་ངལ་འཕྲལ་དུ་སེལ་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང། དེ་བཞིན༧གོང་ས་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ཕྱི་དྲིལ་བཀའ་བློན། ཀིརྟི་རིན་པོ་ཆེ་སོགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་དང། དེ་དང་འབྲེལ་ནས་གཞོན་ལྷན་སོགས་ཀྱིས་ཟས་བཅད་ངོ་རྒོལ་བྱེད་བཞིན་པ་སོགས། ཀིརྟི་དགོན་གྱི་དགེ་འདུན་པ་དང་མི་མང་གི་དཀའ་ངལ་སེལ་ཆེད་དུ་ལས་འགུལ་སྣ་ཚོགས་འགྲོ་བཞིན་ཡོད་པ་རེད།

དེ་དང་འབྲེལ་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཨིཌི་ཝར་མཱེག་མཱི་ལིན་མཆོག་གིས་སྤེལ་བའི་བསྒྲགས་གཏམ་ནང། ད་ལྟའི་སྐབས་ཀིརྟི་དགོན་གྱི་དགེ་འདུན་པ་བཀག་ཉར་བྱས་ཡོད་པ་རྣམས་མྱུར་དུ་གློད་གྲོལ་བཏང་ནས། དགེ་འདུན་པ་དགོན་པ་ནས་ཕྱིར་ཕུད་བཏང་བ་རྣམས་བསྐྱར་འཇུག་བྱས་ཏེ་སློབ་གཉེར་གྱི་གོ་སྐབས་འབུལ་དགོས་པ་དང། མི་མང་གིས་རྒྱ་མིའི་དྲག་ཆས་དམག་མི་རྣམས་དགོན་པའི་ནང་བཙན་འཛུལ་བཀག་འགོག་བྱེད་སྐབས་ཉེས་རྡུང་ཚད་མེད་ཕོག་པ་རྣམས་ལ་སེམས་གསོ་དང། རྒྱ་གཞུང་གིས་དྲང་བདེན་གྱི་ལམ་ནས་བོད་མི་དེ་དག་གི་དཀའ་ངལ་སེལ་རྒྱུའི་འགན་ངེས་པར་དུ་འཁྱེར་དགོས་ཞེས་འཁོད་ཡོད་པ་རེད།

ཡང་བསྒྲགས་གཏམ་དེའི་ནང་། རྒྱ་ནག་སྲིད་གཞུང་གི་དྲག་རྩུབ་ཀྱི་བྱ་སྤྱོད་དང་བདེ་སྲུང་ཉེན་རྟོག་དམག་མིས་ཀིརྟི་དགོན་པའི་མཐའ་འཁོར་ནས་དམ་དྲག་བྱེད་བཞིན་པ་དེ་ལ། དཔོན་རིགས་ཚོས་ངེས་པར་དུ་ཕྱིར་འཐེན་བྱེད་རྒྱུའི་འགན་ལེན་བྱེད་དགོས་པ་དང། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་དགོས་ཞེས་སོགས་འཁོད་ཡོད་པ་རེད། ཚོགས་གཞོན་སྐུ་ཞབས་ཨིཌི་ཝར་མཱེག་མཱི་ལིན་མཆོག སྔོན་དུས་བོད་ནང་ཕེབས་ནས་བོད་ཀྱི་གནས་སྟངས་ལ་ཞིབ་འཇུག་གི་སྙན་ཐོ་མང་པོ་འགྲེམས་སྤེལ་བྱེད་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།