ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་རོགས།

ཟླ་འདིའི་ཚེས་༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད་བཀའ་སྤྱི་ལྷན་རྒྱས་ཚོགས་འཛོམས་ཐོག ཞིབ་ཕྲའི་བྱེད་སྒོའི་སྐོར་གོ་བསྡུར་གྱིས་རྒྱ་ཁྱབ་ཏུ་ལམ་སྟོན་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

དེ་ཡང་གལས་བསྒྲགས་དེའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་གཞི་རྒྱ་ཆེ་བའི་ཞི་རྒོལ་ལས་འགུལ་བྱུང་བ་ནས་བཟུང༌། རྒྱ་གཞུང་གིས་བོད་མིའི་ཁྲིམས་མཐུན་ལུགས་མཐུན་གྱི་དགོས་འདུན་ཁག་ལ་བསམ་ཤེས་བྱ་རྒྱུ་ལྟ་ཞོག དྲག་གནོན་དང༌། བཙན་ཤེད་ཀྱི་སྲིད་ཇུས་ལག་བསྟར་གྱིས། བོད་ས་ཁྱོན་ཡོངས་སུ་མཁན་བླ་དགེ་བཤེས་དང་གྲྭ་བཙུན། རྩོམ་པ་པོ་དང་སྒྱུ་རྩལ་བ། ལས་བྱེད་དང་སློབ་ཕྲུག ཞིང་འབྲོག་མང་ཚོགས་དཀྱུས་མ་ལ་སོགས་པའི་ཞི་བའི་རེ་འདུན་དང་ཞི་བའི་ལས་འགུལ་མཐའ་དག་ལ་སྤྱི་བདེ་དང་དྲག་ཆས་ཉེན་རྟོག་དམག་མིས་འབུར་འཇོམས་བྱེད་རྐྱང་གིས། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་མ་ཟད། ཁྱད་པར་དུ་འདི་ལོ་ཕྱི་ཟླ་ ༣ ནས་བཟུང་བོད་རྔ་པ་ཀིརྟི་དགོན་དང་ཉེ་ཁུལ་གྱི་ཡུལ་མི་བཅས་པར་དོན་མེད་བརྡབ་གསིག་དང་འཇིགས་སྐུལ་བཙན་གནོན་བྱས་པར་བཟོད་མེད་འུ་ཐུག་གིས། གྲྭ་བློ་བཟང་ཕུན་ཚོགས་རང་ལུས་མེར་བསྲེགས་བཏང་སྟེ་རྐྱེན་འདས་སུ་གྱུར་པ་དང༌། ཡུལ་མི་བརྒྱ་ཕྲག་དུ་མས་དགེ་འདུན་པ་རྣམས་དགོན་པ་ནས་བཙན་ཁྲིད་འགོག་ཆེད་རྒྱ་དམག་གི་མདུན་དུ་ཞུ་བ་འཐེན་པར་ཐོན་སྐབས། གང་བྱུང་གཅར་རྡུང་གིས་རྒན་རྒོན་གཉིས་རྐྱེན་འདས་སུ་བཏང་བ་དང༌། མི་མང་གང་ཙམ་ལ་རྨས་སྐྱོན་ཕོག་ཡོད། དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་དགོན་པ་ནས་བཙན་ཁྲིད་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ད་བར་མཚམས་མ་ཆད་པར་སྤེལ་ཏེ། སེར་སྐྱ་མི་ཉུང་བ་ཞིག་འཛིན་བཟུང་དང༌། བཀག་བསྐྱིལ་གྱི་གནས་ཚུལ་མུ་མཐུད་ཐོན་བཞིན་ཡོད།

ཕྱི་ལོ་༢༠༡༡ ལོའི་ཟླ་ ༦ ཚེས་ ༦ ནས་ཟླ་གྲངས་གཅིག་གི་རིང་ཁམས་དཀར་མཛེས་ས་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མས་གཙོས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོས། བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་ཞི་བའི་ལས་འགུལ་ཤུགས་ཆེར་སྤེལ་བར་རྒྱ་གཞུང་གིས་དྲག་གནོན་དང་བཙོན་འཇུག་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད།

ཟླ་ ༨ ཚེས་ ༡༥ ཉིན་ཁམས་རྟའུ་ཉ་མཚོ་དགོན་གྱི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རྫོང་ལས་ཁུངས་ཀྱི་མདུན་དུ། བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་གཏོང་གི་འདུག ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་སྟེ་རང་ལུས་མེ་བསྲེགས་ཀྱིས་རྐྱེན་འདས་སུ་གྱུར་པ་དང། དེ་རྗེས་ཡུལ་དགོན་གཉིས་ཀར་རྒྱ་གཞུང་གིས་དམ་དྲག་བྱས་ཡོད།

ཟླ་ ༩ ཚེས་ ༢༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་། གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས་ཞེས་སོགས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད།

ཟླ་ ༡༠ ཚེས་ ༡ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ། བོད་མི་ཚོས་བོད་ལ་རང་དབང་དགོས་པ་དང་། ཆོས་དད་རང་དབང་དགོས་པ། འགྲོ་འདུག་རང་དབང་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་གཞན་ལ་ཡོད་པའི་རང་དབང་དེ་དག་ང་ཚོ་བོད་ལ་ངེས་པར་དུ་དགོས། ༧རྒྱལ་བ་༧བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ་ཞེས་བཀོད་ཡོད་པའི་ཡིག་ཆ་བཀྲམ་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།

ཟླ་བ་ ༡༠ ཚེས་ ༣ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་སྐལ་བཟང་དབང་ཕྱུག་རང་ལོ་ ༡༧ ཡིན་པ་ཁོང་གིས། ༧གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་ཐོག རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ལས་འགུལ་སྤེལ་སྐབས་གཅར་རྡུང་གིས་བཙན་ཁྲིད་བྱས་ཡོད།

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་བུ་རང་ལོ་ ༡༩ ཅན་ཆོས་འཕེལ་དང་། མཐའ་བ་གོང་མའི་གསོང་པོ་ཚང་གི་སྐལ་བཟང་གི་བུ་རང་ལོ་ ༡༨ ཡས་མས་ཤིག་ཡིན་པ་མཁའ་དབྱིངས་གཉིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྦར་ཞིང་ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་གནང་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་མི་སྣས་ཁོང་གཉིས་ཀྱི་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ཁྱེར་ཡོད་པ་དང་། མཁའ་དབྱིངས་ལགས་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ཁུལ་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་འདུག་པའི་གནས་ཚུལ་ཐོན་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་རྒྱུན་ལས་ལྷན་ཚོགས་ཀྱིས་ཛ་དྲག་གི་དུས་སྐབས་སོ་སོར་གཞུང་འབྲེལ་གྲོས་ཆོད་དང་། གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་གསལ་འདེབས་འབོད་སྐུལ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རེ་སྐུལ་རིམ་བསྟུད་ཞུས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་མཆོད་འབུལ་བསྔོ་སྨོན་གོ་སྒྲིག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་དང་། མི་སྒེར་ཅི་རིགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣེ་མང་ཞིག་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་དུའང་སྲིད་གཞུང་དང་གྲོས་ཚོགས་སུ་ཛ་དྲག་གནས་སྟངས་དེ་དག་གི་སྐོར་ལ་གླེང་སློང་དང་སེམས་འཚབ་ཀྱི་རྣམ་འགྱུར་བསྟན་ཡོད།

རྒྱ་ནག་གཞུང་གིས་བོད་ནང་དུས་ལས་ཡོལ་བའི་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་ཇུས་གུང་བསྒྲིགས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་གི་སྦྱོར་ངན་མངོན་སུམ་འཛེམས་མེད་དུ་སྤེལ་སྟབས། བོད་མི་རྣམས་རང་ཡུལ་དུ་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། རིག་གཞུང་། འཚོ་གནས་ཁོར་ཡུག་གང་ཅིའི་ཐད་མཐར་འབུད་དང་། གྲལ་རིམ་གཉིས་པའི་མི་རིགས་ཀྱི་གནས་སྟངས་འོག་སྡོད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ཐོན་ཁུངས་ཡོངས་རྫོགས་བདག་ཏུ་འཛིན་མཁན་རྒྱ་གཞུང་ལས་བྱེད་དང་བོད་འབྱོར་རྒྱ་རིགས་ཚོས་ཡུལ་དུས་ཐམས་ཅད་དུ་བོད་མི་ཚོར་མཐོང་ཆུང་ཁྱད་གསོད་དང་། བརྙས་གཙེར་བརྡབ་གསིག་རྒྱུན་མར་བྱེད་པ་དང་། བོད་ནང་གི་མངོན་སུམ་དུ་གྲུབ་པའི་གནས་སྟངས་ལ་འཁྱོག་བརྗོད་རྫུན་བཟོ་བྱས་པས་མི་ཚད། ད་དུང་བོད་མི་ཚོར་བཙན་ཤེད་ཀྱིས་འཁྱོག་བརྗོད་རྫུན་བཟོ་བྱེད་དུ་འཇུག་པ་དང་། བོད་མིའི་བསམ་བློ་དང་བྱ་སྤྱོད་ཡོངས་རྫོགས་རྒྱ་དམར་གྱི་ལྟ་སྤྱོད་དང་མཐུན་དགོས་པའི་བཙན་འདེད་དང་། དེ་དང་མི་མཐུན་པ་ཡོད་ཚད་ཡ་ང་བག་ཚ་མེད་པར་དྲག་གནོན་འབུར་འཇོམས་བྱེད་རྐྱང་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྒྲོ་སྐུར་མཚན་སྨད་བྱུང་རྒྱལ་དུ་སྒྲོགས་པ་དང་། བོད་མིའི་བདེན་དོན་འཐབ་རྩོད་དང་བོད་རྒྱ་གཉིས་སྨན་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་བསམ་ཞིབ་ལས་ལྡོག་པའི་ལོག་འགྲེལ་གྱི་ངལ་ཁུར་བསྟེན་པ་སོགས་བཟང་སྤྱོད་དང་དྲང་བདེན་ལ་ལོངས་སུ་སྤྱོད་པའི་གོ་སྐབས་གཏན་བྲལ་དུ་ཕྱིན་སྟབས། བོད་མི་རྣམས་འ་ཆད་འུ་ཐུག་གིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་ཞུགས་འབུལ་གྱི་ལས་འགུལ་སྤེལ་དགོས་བྱུང་ཡོད་པ་གོར་མ་ཆག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཉའ་གནོན་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་སྤུན་ཟླར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་སྦྲགས། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་། ཁོང་རྣམ་པའི་སྙིང་སྟོབས་དང་ལྷག་བསམ། སེམས་ཤུགས་རི་རབ་བཞིན་བརྟན་ཅིང་གཡོ་བ་མེད་པ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་ལ། འདས་པའི་ཟླ་གྲངས་དུ་མའི་རིང་རྒྱལ་གཅེས་པ་སེར་སྐྱ་བདུན་ནས་རང་ལུས་ཞུགས་འབུལ་གྱིས་སྐུ་སྲོག་ཤོར་མཁན་གྲྭ་བློ་བཟང་ཕུན་ཚོགས་དང། གྲྭ་ཚེ་དབང་ནོར་བུ། མི་སྐྱ་མཁའ་དབྱིངས་གསུམ་ལ་ཡིད་གདུང་དྲག་པོས་བསྔོ་སྨོན་དང་། ད་དུང་འཚིག་རྨས་ཚབས་ཆེན་ཐེབས་པའི་གྲྭ་བློ་བཟང་སྐལ་བཟང་དང་། གྲྭ་བློ་བཟང་དཀོན་མཆོག གྲྭ་སྐལ་བཟང་དབང་ཕྱུག མི་སྐྱ་ཆོས་འཕེལ་བཅས་སྤུན་ཟླ་བཞིའི་གཟུགས་གཞི་གནས་སྟངས་གསལ་ཁ་མེད་པས། གང་མྱུར་དྲག་བསྐྱེད་ཡོང་བའི་སྐྱབས་སྨོན་ཞུ་རྒྱུ་དང་། འདི་དག་གི་ཤུལ་ལུས་ནང་མི་ལྟོས་བཅས་གཙོས་གཞིས་བཞུགས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་བཞིན་ཡོད།

བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད་བཀའ་སྤྱི་ལྷན་རྒྱས་ཚོགས་འཛོམས་ཐོག ཞིབ་ཕྲའི་བྱེད་སྒོའི་སྐོར་གོ་བསྡུར་གྱིས་རྒྱ་ཁྱབ་ཏུ་ལམ་སྟོན་གནང་རྒྱུ་ཡིན་པས། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོགས་སྒེར་ཚང་མས་ནུས་པ་གཅིག་ཏུ་སྤུངས་ཏེ། བོད་ནང་ཛ་དྲག་གི་གནས་སྟངས་འདི་གང་མྱུར་སེལ་ཐབས་སུ། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ལ། །

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།