རང་གི་ཁྱིམ་མཚེས་ལ་ཕམ་ཉེས་བྱུང་བ་དེ་རང་གི་ཕམ་ཉེས་ཆགས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༥ཉིན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་མིག་དམར་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༤༠ ཙམ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་གསར་འགོད་པ་གྲངས་༣༠ ཙམ་ལ་བཀའ་སློབ་སྩལ་དོན། ལོ་རྒྱུས་ཀྱི་ཐོག་ནས་བོད་དང་ཀ་སྦུག་འབྲེལ་བ་ཆེན་པོ་ཡོད། དེར་བརྟེན་ངོས་རང་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་དུས་རྒྱུན་འགན་ཁུར་གཙོ་བོ་གསུམ་གྱི་ཐོག་ལས་འགུལ་སྤེལ་ཐབས་བྱེད་བཞིན་ཡོད་པ་ལས་དང་པོ་དེ་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་ཡིན།
ད་ཆ་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཙམ་ཡོད། ང་ཚོ་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཡིན། ད་ལྟའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ན་འཛམ་གླིང་ས་ཁུལ་ཚང་མ་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་འབྲེལ་བ་དེ་ཧ་ཅང་ཤུགས་ཆེན་པོ་ཆགས་ཡོད། གནམ་གཤིས་དང་གོ་ལའི་དཔལ་འབྱོར་སོགས་ཀྱི་གནས་སྟངས་གང་སྤྱིའི་ཐོག་ནས་ང་ཚོ་ཕན་ཚུན་རྟེན་དགོས་པ་ཤིག་ཆགས་ཡོད། དེར་བརྟེན་ང་ཚོ་འགྲོ་བ་མི་རིགས་ཚང་མ་གཅོག་པ་ཡིན་བསམ་པའི་གཅིག་འགྱུར་གྱི་བསམ་བློ་གཏོང་དགོས་པ་ཆགས་ཡོད། ངོས༌ཀྱིས་དུས་རྒྱུན་ས་གནས་གང་དུ་ཕྱིན་ཡང་ད་ཆ་འཛམ་གླིང་ས་ཁུལ་གང་དུ་གནས་མིན་ལ་མ་ལྟོས་པར་ང་ཚོ་ཞེས་འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པ་ལས་ང་ཚོ་དང་ཁོང་ཚོ་ཞེས་ས་མཚམས་ཆེན་པོ་ཕྱེ་དེ། རང་རྒྱལ་གཞན་ཕམ་བྱེད་རྒྱུ་དེ་གདོད་མའི་སྤྱི་ཚོགས་ཀྱི་བསམ་བློ་ཞིག་ཡིན། བསམ་བློ་གཏོང་སྟངས་དེ་ད་ཆ་དུས་ཚོད་ཡོལ་ཟིན། ད་ཆ་དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་བརྗོད་ན། རང་གི་ཁྱིམ་མཚེས་ལ་ཕམ་ཉེས་བྱུང་བ་དེ་རང་གི་ཕམ་ཉེས་ཆགས་ཡོད། གང་ཡིན་བརྗོད་ན་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་དང་རང་གི་བདེ་སྡུག་གཉིས་ཐད་ཀར་འབྲེལ་བ་ཆགས་ཡོད། དེར་བརྟེན་འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་ཡོང་བ་བྱེད་རྒྱུ་དེ་ངོས་ཀྱི་འགན་ཁུར་དང་པོ་དེ་ཆགས་ཡོད།
ནང་བསམ་བློའི་བདེ་སྐྱིད་ཀྱི་རྒྱུ་མཐར་ཐུག་དེ་དངུལ་དང་ཕྱི་དངོས་པོའི་མཐུན་རྐྱེན། མིང་དང་གྲགས་པ། སྟོབས་ཤུགས་སོག་མིན་པར་ནང་གི་བྱམས་བརྩེའི་བསམ་བློ་ཡིན། མི་སྒེར་དང་ཁྱིམ་ཚང། སྤྱི་ཚོགས། འཛམ་གླིང་ཁྱོན་ཡོངས་སུ་བདེ་སྐྱིད་འབྱུང་བའི་རྒྱུ་གཙོ་བོ་དེ་བྱམས་བརྩེའི་བསམ་བློ་ཡིན། དེར་ངོས་ཀྱི་རྒྱུན་དུ་གཞི་རྩའི་འགྲོ་བ་མིའི་རིན་ཐང་ཞེས་བརྗོད་ཀྱི་ཡོད། ངོས་ཀྱི་འགན་ཁུར་གཉིས་པ་དེ། ད་ཆ་ང་ཚོ་དུས་རབས་ ༢༡ ལ་བསླེབས་ཡོད། ས་ཁུལ་འགའ་རེ་མ་གཏོགས་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བརྗོད་ན་དངོས་པོའི་འཛུགས་སྐྲུན་གྱི་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ནའང་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ད་དུང་འཕྲད་བཞིན་ཡོད། དེར་བརྟེན་འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མར་ཕན་ཚུན་ལྟ་གྲུབ་ཀྱི་རྣམ་གཞག་འདྲ་ཡིན་ཡོད་མེད་ལ་མ་ལྟོས་པར་ནང་བསམ་བློའི་བདེ་སྐྱིད་བསྐྲུན་རྒྱུར་ནུས་པ་ཡོད་པ་གཅིག་མཚུངས་ཡིན།
བྱམས་བརྩེའི་ཉམས་ལེན་དང་བཟོད་བསྲན། ཚུལ་ཁྲིམས་བསྲུང་རྒྱུ་སོགས་ཀྱི་བཟང་པོའི་བསླབ་བྱ་དེ་དག་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་ཡོད། དེར་བརྟེན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན་ཡོང་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་འདྲ་མ་བྱུང་བར་ཆོས་ལུགས་ཕན་ཚུན་དབར་འཐབ་ཕྲུག་བྱུང་ན་མི་ཚོས་ཆོས་ལ་ཡིད་ཆེས་བརླག་རྒྱུ་རེད། དེར་བརྟེན་ཆོས་ཉམས་ལེན་པ་ཚོས་ཐོག་མར་ཆོས་ཀྱི་ཉམས་ལེན་ཐོག་ནས་རང་ཉིད་ལ་ནང་བསམ་བློའི་བདེ་སྐྱིད་བསྐྲུན་པའི་ཐོག་ནས་གཞན་ལ་མིག་དཔེ་འདོན་ཐུབ་པ་དགོས། དེ་འདྲ་ཡོང་བར་ཐོག་མར་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས། ཆོས་ལུགས་རྗེས་འབྲང་པ་ཚོས་ཕན་ཚུན་ཆོས་གྲོགས་ཕོ་མོའི་འདུ་ཤེས་ཡང་དག་པ་ཞིག་འཛིན་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཆོས་ལུགས་གཙོ་ཆེ་བ་ཚང་མའི་གཞི་རྩའི་དམིགས་ཡུལ་གཅིག་པ་ཆགས་སྐབས་ཆོས་ལུགས་ཚང་མ་ཕན་ཚུན་མཐུན་སྒྲིལ་གྱི་ཐོག་ནས་འགན་ཁུར་ལེན་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ལྟ་གྲུབ་རྐྱང་པའི་རྣམ་གཞག་ཐོག་ནས་ཆོས་ལུགས་ཕན་ཚུན་མི་མཐུན་པ་ཆེན་པོ་ཡོད། ཆོས་ལུགས་འགའ་རེས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་འདོད་ཀྱི་ཡོད། ནང་པ་དང་གཅེར་བུ་བའི་ཆོས་ལུགས་རྗེས་འབྲང་པ་ཚོས་འཇིག་རྟེན་བྱེད་པ་པོའི་དཀོན་མཆོག་འདོད་ཀྱི་མེད། འཇིག་རྟེན་བྱེད་པ་པོ་རང་ཉིད་ཡིན་པ་འདོད་ཀྱི་ཡོད། དེར་བརྟེན་ཁྱད་པར་ཆེན་པོ་ཡོད།
དཀོན་མཆོག་འདོད་མཁན་ཚོར་ལྟོས་ན་ང་ཚོ་ཆོས་ཁས་མི་ལེན་མཁན་ལྟ་བུ་ཆགས་ཡོད། དེར་བརྟེན་མཁས་དབང་ཁག་གཅིག་གིས་ནང་ཆོས་དེ་ཆོས་མིན་པར་བསམ་བློའི་ཚན་རིག་ཅིག་ཡིན་པ་བརྗོད་ཀྱི་ཡོད་པ་དེ་དངོས་ཡོད་རེད། གང་ཡིན་བརྗོད་ན་ནང་ཆོས་ནས་ནང་གི་བསམ་བློ་སྦྱང་ནས་ཉམས་ལེན་བྱེད་ཐབས་བྱེད་ཀྱི་ཡོད། བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱིས། གཞན་ནི་སུ་ཞིག་མགོན་དུ་གྱུར། ཞེས་པ་གསུངས་པ་དེ་ནང་པའི་ལྟ་ཕྱོགས་རེད། དེར་བརྟེན་ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དངོས་ཡོད་རེད།
ལྟ་གྲུབ་མི་འདྲ་ཡོད་པ་དེ་དག་གི་དམིགས་ཡུལ་མཐར་ཐུག་བདེ་སྐྱིད་སྐྲུན་ཐབས་གཅིག་མཚུངས་ཆགས་ཡོད་པར་བརྟེན་ཆོས་ལུགས་ཚང་མས་གཙོ་བོ་བྱམས་པ་དང་བརྩེ་བ་སོགས་ནང་གི་རིན་ཐང་དང་འབྲེལ་བའི་བཟང་པོའི་བསླབ་བྱ་དེ་དག་གོང་མཐོར་གཏོང་རྒྱུར་ཕན་ཚུན་མཐུན་སྒྲིལ་གོང་བུ་གཅིག་འགྱུར་གྱི་ལམ་ནས་འབད་བརྩོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྒྲུབ་བྱའི་དམིགས་ཡུལ་གཅིག་པ་དེ་སྒྲུབ་རྒྱུའི་ཐབས་ལམ་མི་འདྲ་བ་དགོས། དེར་བརྟེན་ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་འདུ་གང་འདྲ་ཞིག་ལ་མཉམ་བཞུགས་བྱེད་ཀྱང་ཆོས་ལུགས་ཕན་ཚུན་མི་འདྲ་བའི་གནས་སྟངས་དེ་དག་གསལ་པོ་བཟོས་ཀྱི་ཡོད། གང་ཡིན་བརྗོད་ན་ཆོས་ལུགས་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཡོད་ནའང་གཞི་རྩའི་བསླབ་བྱ་རྣམས་གཅིག་མཚུངས་ཤིག་ཆགས་ཡོད། དེར་བརྟེན་ཆོས་ལུགས་ཕན་ཚུན་བསམ་ཤེས་དང་གུས་བསྐུར། རྗེས་སུ་ཡིང་རངས་ཀྱི་ལམ་ནས་མཐུན་སྒྲིལ་ཡོང་བ་བྱེད་དགོས། གནས་ཚུལ་དེ་ངོས་ཀྱི་འགན་ཁུར་གཉིས་པ་རེད། འགན་ཁུར་དེ་གཉིས་པོ་ངོས་རང་ཇི་སྲིད་འཚོ་བའི་བར་བྱེད་རྒྱུ་ཡིན།
འགན་ཁུར་གསུམ་པ་དེ་བོད་ཀྱི་དཀའ་ངལ་རེད། ངོས་རང་བོད་མི་ཞིག་ཡིན་པ་དང་ལྷག་པར་ངོས་ལ་ཏཱ་ལའི་བླ་མའི་མིང་ཞིག་ཡོད།གཞི་བྱེས་བོད་མི་བརྒྱ་ཆ་ ༩༩ ངོས་ལ་ཡིད་ཆེས་བློས་འགལ་བྱེད་བཞིན་ཡོད། དེར་བརྟེན་ངོས་ལ་ཁོང་ཚོའི་ཞབས་འདེགས་སྒྲུབ་རྒྱུའི་བཟང་ཕྱོགས་ཀྱི་འགན་ཞིག་ཡོད། འདས་པའི་ལོ་ ༤༠༠ ཙམ་གྱི་རིང་ཏཱ་བླའི་བླ་མའི་གོ་གནས་ཀྱི་མཚན་ཐོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་བཞེས་ཡོད། ངོས་རང་བྱིས་པའི་སྐབས་ནས་ངོས་ཀྱིས་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༥༢ ལོར་ངོས་ཀྱིས་བོད་ནང་ལེགས་བཅོས་ཚོགས་ཆུང་ཞིག་བཙུགས་ཡོད་ཀྱང་ལམ་ལྷོང་དེ་ཙམ་བྱུང་མེད། དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་ངོས་དང་བོད་མི་སྟོང་ཕྲག་འགའ་ཤས་རྒྱ་གར་དུ་སྐྱབས་བཅོལ་དུ་བསླེབས་ཡོད། རྒྱ་གར་དུ་ང་ཚོས་དབུས་བོད་མིའི་འཛིན་སྐྱོང་ལྷན་ཁང་ཞེས་པའི་ཚོགས་པ་གཅིག་བཙུགས་ཡོད། ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་མི་ཚོས་ཐད་ཀར་མང་གཙོའི་ལམ་ནས་བཀའ་ཁྲི་འོས་འདེམས་བྱས་ཡོད། སྐབས་དེ་ནས་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཤིག་ཆགས་ཡོད།
དངོས་འབྲེལ་བྱས་ན་ལོ་ ༤༠༠ སོང་བའི་ཏཱ་བླའི་བླ་མའི་གོ་གནས་ཐོག་བོད་ཀྱི་ཆོས་སྲིད་གཉིས་ལ་དབང་འགྱུར་བྱ་རྒྱུའི་དུས་སྐབས་ད་ཆ་མཇུག་སྒྲིལ་ཟིན་པ་རེད། ངོས་ཀྱིས་ལོ་ ༢༠ ཙམ་གྱིས་རིང་བོད་མི་ཚོས་ཏཱ་བླའི་བླ་མ་མེད་པ་གཞིར་བཞག་གིས་ལས་ཀ་བྱེད་དགོས་པའི་འབོད་སྐུལ་ཞུས་བཞིན་ཡོད། ལོ་ཤས་རིང་ནས་ངོས་ཀྱིས་རྒན་ཡོལ་ཆ་ཚང་ཞུ་རྒྱུའི་སྐད་ཆ་བཤད་ཡོད། ངོས་ཀྱིས་རྒན་ཡོལ་ཆ་ཚང་ཞུ་གི་ཡིན་བརྗོད་སྐབས་ངོས་ཀྱིས་བོད་ཀྱི་གནད་དོན་ལ་འགན་ཁུར་ལེན་གྱི་མིན་པའི་གོ་དོན་རྩ་བ་ནས་མིན། བོད་མི་ཚང་མར་བོད་ཀྱི་གནད་དོན་འཐབ་རྩོད་བྱ་རྒྱུའི་འགན་ཡོད་པ་ལྟར་ངོས་རང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་བྱ་རྒྱུའི་འགན་ཡོད་ཅེས་བཀའ་སྩལ།
དེ་རྗེས་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། མང་གཙོའི་ལུང་པའི་ནང་གསར་འགོད་པ་ཚོར་མང་གཙོའི་ལམ་ལུགས་བདག་གཅེས་བྱེད་རྒྱུར་འགན་ཧ་ཅང་ཆེན་པོ་ཡོད། མི་མང་ཚོར་དངོས་ཡོད་གནས་ཚུལ་ཤེས་འཇུག་དགོས། མངོན་འགྱུར་གྱི་གནས་ཚུལ་ཙམ་མིན་པར་ལྐོག་འགྱུར་གྱི་གནས་ཚུལ་རྣམས་ལ་མང་ཚོགས་ཀྱིས་ཤེས་པར་བྱེད་འཇུག་དགོས། དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་མི་མང་ཚོས་ལེགས་ཉེས་དབྱེ་བ་འབྱེད་རྒྱུ་རེད། དེར་བརྟེན་ངོས་ཀྱིས་རྒྱུན་དུ་གསར་འགོད་པ་ཚོར་གླང་པོ་ཆེའི་སྣ་ལྟར་དགོས་པ་བརྗོད་ཀྱི་ཡོད། ངོ་གདོང་གི་གནས་ཚུལ་ཙམ་ལ་ཆ་མ་བཞག་པར་རྒྱབ་ཀྱི་གནས་ཚུལ་ཇི་ཡིན་ཞིབ་འཇུག་རྩད་གཅོད་བྱས་ཏེ་དངོས་ཡོད་ཀྱི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།
གསར་འགོད་རང་དབང་ཡོད་མཁན་གྱི་ལུང་པ་ཚོའི་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཉུང་བ་ཡོད། རྒྱ་ནག་ལྟ་བུའི་ནང་གསར་གྱུར་གྱི་རང་དབང་མེད། གནས་ཚུལ་ཚང་མར་དམ་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན་དབང་ཆ་ཡོད་མཁན་ཚོས་གང་བྱེད་རེད། དེར་བརྟེན་ལྐོག་ཟ་བྱེད་མཁན་ཧ་ཅང་མང་པོ་ཆགས་ཡོད། སྤྱི་ཚོགས་དང་འཛིན་སྐྱོང༌། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་གང་འདྲ་ཞིག་གི་ལས་དོན་གཙང་མ་ཡོང་བར་གསར་འགོད་པ་ཚོར་འགན་ཆེན་པོ་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་གསར་འགོད་པ་ཁག་གཅིག་གིས་ཆེད་དོན་དྲི་བར་བཀའ་ལན་མཛད་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་བཏུས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།