རྒྱལ་ཚོགས་མདུན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་སྐད་འབོད་ལས་འགུལ་སྤེལ།

༢༠༡༨ ཟླ་༩ཚེས་༡༤་ཉིན་སུད་སི་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༣༩ བ་འཚོག་བཞིན་པའི་སྐབས་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཞུ་འབོད་དང་། རྒྱ་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་ཆེད་སྐད་འབོད་ལས་འགུལ་ཞིག་སྤེལ་ཡོད་འདུག

འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་གྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གིས་ལོ་ལྟར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རིམ་པའི་ཐོག་ཞུ་འབོད་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། དམིབས་བསལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་ཆེད་སྐད་འབོད་ལས་འགུལ་གོ་སྒྲིག་ཞུས་དང་ཞུ་བཞིན་པ་ལྟར། གོང་ཚེས་ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་སྐབས་བཅུ་བདུན་པའི་གོ་སྒྲིག་འོག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༣༩ བ་འཚོག་བཞིན་པའི་སྐབས་དང་བསྟུན། རྒྱལ་ཚོགས་ལ་ཞུ་འབོད་དང་། རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་གི་འགྲོ་བ་ཐོབ་ཐང་རྡོག་རོལ་དང་། ཉེས་མེད་བོད་མི་རྣམས་བཙོན་འཇུག་སོགས་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་འདུག

གསར་འགོད་པས་མུ་མཐུད་འགྲེལ་བརྗོད་གནང་དོན། ལས་འགུལ་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་དང་། དོན་གཅོད་ཟུང་དྲུང་ཟླ་བ་ཚུལ་ཁྲིམས་ལགས་གཉིས་ཀྱི་གཙོས་པའི་འཐུས་མི་རྣམས་པ་དང་། གཞན་སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། ས་གནས་བོད་ཀྱི་བུད་མེད་ཚོགས་པ། ཡུ་རོབ་བོད་ཀྱི་གཞོན་ནུ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས། མི་མང་ཉིས་བརྒྱ་མ་ཟིན་ཙམ་མཉམ་ཞུགས་གནང་འདུག་ཅེས་དང་། དོན་གཅོད་ཟུང་དྲུང་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་ནང་གི་གནས་སྟངས་ཐད་བདག་པོ་རྒྱག་དགོས་པའི་འབོད་སྐུལ། རྒྱ་ནག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གཏམ་བཤད་སོགས་གནང་ཡོད་འདུག

 ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཁོད་པའི་སྙན་ཞུའི་ཡིག་ཆ་དེ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་ཕུལ་ཡོད་པ་དང་། རྒྱལ་ཚོགས་མདུན་དུ་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་དང་། བོད་ཀྱི་གནས་སྟངས་སོགས་འགྲེལ་བརྗོད་བྱས་པའི་གསར་འགོད་གསལ་བསྒྲགས་བཅས་གནང་ཡོད་འདུག

གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།