རྒན་གྱའི་ཚེ་རིང་སྐྱིད་ཡུ་རོབ་དང་ཨེ་ཤ་ཡའི་རོལ་དབྱངས་དགོང་ཚོགས་ལ་ཞུགས་པ།
ཟླ་འདིའི་ཚེས་ ༡༨ ནས ༢༠ བར་སུད་སིའི་ས་གནས་ (Valais) བ་ལེ་རུ་ཡུ་རོབ་དང་ཨེ་ཤ་ཡའི་རོལ་དབྱངས་དགོང་ཚོགས་ཤིག་འཚོགས་ཤིང་། དགོང་ཚོགས་དེར་སུད་སིར་གནས་སྡོད་རྒན་གྱའི་ཚེ་རིང་སྐྱིད་ལགས་མཉམ་ཞུགས་གནང་ ཡོད་འདུག
རོལ་དབྱངས་ཚོགས་པ་དེའི་མིང་ལ་ Asima ཟེར་ཞིང་། ཚོགས་པ་དེ་ནི་༢༠༡༤ལོར་(Nicolas fardel) ནེ་ཁོ་ལ་ཟེེར་བའི་མི་སྒེར་ཞིག་གིས་རྩ་འཛུགས་གནང་བ་ཞིག་རེད། ཚོགས་པ་དེ་འཛུགས་དགོས་པའི་དམིགས་ཡུལ་ནི་ཨེ་ཤ་ཡ་དང་ཡུ་རོབ་ཀྱི་སྲོལ་རྒྱུན་དང་དེང་རབས་རོལ་དབྱངས་གཉིས་མཉམ་སྦྲེལ་གྱིས་འཛམ་གླིང་གི་ཡུལ་གྲུ་ཁག་ལ་གཟིགས་འབུལ་ཞུ་རྒྱུ་དེ་ཡིན་འདུག་པར་བཤད།
དགོང་ཚོགས་དེར་གཙོ་བོ་རོལ་དབྱངས་དཀྲོལ་རྒྱུ་དང་།གཞས་གཏོང་བ་དང་ཞབས་བྲོ་འཁྲབ་རྒྱུ་སོགས་ཡིན་ཞིང་། རོལ་དབྱངས་དགོང་ཚོགས་དེར་རྒྱ་ནག་དང་ཐེ་ཝན། ཡུ་རོབ་ཁག་གི་རོལ་མོའི་ཆེད་མཁས་བ་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག་པ་མ་ཟད་། ལོ་རྗེས་མར་ཡང་ཨེ་ཤ་ཡའི་རྒྱལ་ཁབ་གཞན་དག་ནས་ཀྱང་གཞས་གཏོང་མཁན་སོགས་སྐད་གཏོང་འཆར་ཡོད་འདུག ཐེངས་འདིར་རྒན་གྱའི་ཚེ་རིང་སྐྱིད་ལགས་རོལ་དབྱངས་དགོང་ཚོགས་དེར་མཉམ་ཞུགས་གནང་བ་ནི་བོད་པ་ཞིག་རོལ་དབྱངས་དགོང་ཚོགས་དེར་མཉམ་ཞུགས་བྱས་པ་ཐོག་མ་དེ་ཆགས་འདུག་ཅིང་། ཁོ་མོས་དགོང་ཚོགས་དེར་བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་སྐོར་གཞས་སོགས་བླངས་ཡོད་འདུག
ཚེ་རིང་སྐྱིད་ལགས་ཀྱིས་དགོང་ཚོགས་དེར་མཉམ་ཞུགས་བྱས་རྗེས་ཀྱི་མྱོང་ཚོར་གསར་འགོད་པར་བརྗོད་རྒྱུར། ང་རང་དགོང་ཚོགས་དེར་འཛུལ་ཞུགས་བྱས་ནས་གླུ་གཞས་གཏོང་ཕྱོགས་སོགས་ཀྱི་ཐད་ནས་ཉམས་མྱོང་གང་ལ་གང་མཚམས་ཤིག་ཐོབ་བྱུང་ལ། སྤྱིར་བཏང་རོལ་མོའི་ཆེད་སྦྱོང་གི་སྐོར་ལ་སློབ་སྦྱོང་མེད་ན་དམངས་གླུ་ཞིག་ཡིན་རུང་རོལ་མོ་དང་མཉམ་དུ་ཐད་ཀར་ལེན་རྒྱུ་ལས་སླ་མོ་ཞིག་མིན་ཞིང་།ངས་བསམ་པར་གླུ་བ་ཞིག་ཡིན་ན་ལྷན་སྐྱེས་ཀྱི་སྐད་ངག་གཅིག་པོའི་མི་ཆོག་པར་ངེས་པར་དུ་རོལ་མོའི་རིག་གནས་རིགས་ལ་སློབ་སྦྱོང་བྱེད་རྒྱུ་ནི་གླུ་བ་ཞིག་ལ་མཚོན་ན་མ་མཐའི་ཚང་དགོས་པའི་ཆ་རྐྱེན་དང་གནད་འགག་ཞིག་ཏུ་མཐོང་སོང་ཟེར། ཡང་ཁོ་མོས་ང་ཚོའི་དགོང་ཚོགས་དང་ཁོང་ཚོའི་དགོང་ཚོགས་གཉིས་ཀྱི་མ་འདྲ་བའི་ཕྱོགས་ནས་མུ་མཐུད་བཤད་རྒྱུར། དགོང་ཚོགས་དེར་ང་ཚོའི་ཁོར་ཡུག་གི་དགོང་ཚོགས་དང་མ་འདྲ་བ་ཞིག་ཡོད་པ་ནི་གླུ་གཞས་དག་ལད་མོ་བྱེད་རྒྱུ་མ་ཡིན་པར་རོལ་མོ་ཐད་ཀར་དཀྲོལ་བ་དང་མཉམ་དུ་ཐད་ཀར་ལེན་དགོས་པ་དེ་རེད། ད་རུང་གར་སྟེགས་ཇུས་འགོད་སོགས་ལའང་ཁྱད་པར་ཆེན་པོ་འདུག་ཅེས་དང་། རང་ཉིད་དེ་འདྲའི་དགོང་ཚོགས་ཆེན་པོ་ཞིག་ལ་ཞུགས་ཏེ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་སོགས་རྒྱལ་ཁབ་གཞན་གྱི་མི་རིགས་གཞན་དང་མཉམ་དུ་དཔུང་བ་མཉམ་གཤིབ་ཀྱིས་ལེན་ཐུབ་པའི་གོ་སྐབས་ཤིག་ཐོབ་པ་དེར་ཧ་ཅང་དགའ་སྤྲོ་དང་སྤོབས་པ་སྐྱེས་སོང་ཟེར།
རྒན་གྱའི་ཚེ་རིང་སྐྱིད་ལགས་ནི་མདོ་སྨད་བླ་བྲང་རྒན་གྱ་ནས་ཡིན་པ་དང་། ད་ལྟ་སིད་སི་འཇི་ནེ་ཝར་(Genève )གནས་སྡོད་བྱས་ཡོད།
གསར་འགོད་པ། དམེ་ཚང་བཀྲ་ཤིས་རྒྱ་མཚོ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།