རྒྱ་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༥ཉིན། ཕྱི་ཚེས་༡༤ཉིན། ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་གསར་བསྒྲགས་ཤིག་གི་ཐོག བོད་ཤར་ཕྱོགས་རྔ་བ་ཀིརྟི་དགོན་པར་རྒྱ་ནག་གིས་དྲག་གནོན་མུ་མཐུད་ནས་བྱེད་བཞིན་པར་སྐྱོན་བརྗོད་དང༌། རྒྱ་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མར་ཁའུ་ཊོ་ནུར་ལགས་ཀྱིས། ང་ཚོས་རྔ་བ་ཀིརྟི་དགོན་ལ་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་པའི་གནས་ཚུལ་མཐོང་བ་མ་ཟད། ཐ་ན་དགོན་པའི་གྲྭ་བ་དང་བོད་རིགས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལའང་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་པ་མཐོང་ཐོས་བྱུང་ཞེས་དང༌།

ཡང་ཁོང་གིས། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ཁང་ལ་རྒྱ་གར་དྷ་རམ་ས་ལར་ཡོད་པའི་ཀིརྟི་དགོན་པའི་གྲྭ་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་གིས་སློབ་སྦྱོང་ལ་ཁ་གཡར་ནས་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་བརྒྱ་ཕྲག་མང་པོ་བཙོན་ཁང་དུ་འཁྲིད་རྩིས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གིས་ཀིརྟི་དགོན་ཀྱི་སེར་སྐྱ་མང་ཚོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་རྩ་ཁྲིམས་དང་འགལ་ཡོད་པས། ཨ་རིའི་གཞུང་ནས་དེ་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད། གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

བོད་ནང་ནས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། འདས་པའི་ཉིན་ཤས་རིང་ནས་རྔ་བ་རྫོང་དང་ཀིརྟི་དགོན་གྱི་གནས་སྟངས་ཇེ་སྡུག་འགྲོ་བཞིན་ཡོད་པ་དང༌། རྒྱ་ནག་གཞུང་གིས་ཀིརྟི་དགོན་གྱི་ལོ་༡༨ནས་༤༠བར་གྱི་གྲྭ་བ་ཚང་མ་ས་གནས་གཞན་ཞིག་ཏུ་འཁྲིད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་དགོས་པའི་གསར་བསྒྲགས་སྤེལ་ཡོད་པ་དང༌། ཕྱི་ཚེས་༡༢ཉིན་ལོ་ན་༦༠ལོན་པའི་བོད་རིགས་རྨོ་མོ་གཉིས་དྲག་ཆས་དམག་གིས་བསད་ཡོད་ནའང༌། ད་དུང་མིང་དང་ས་གནས་སོགས་ཤེས་རྟོགས་བྱུང་མི་འདུག

ཕྱི་ཟླ་༣ཚེས་༡༦ཉིན། རྔ་བ་ཀིརྟི་དགོན་གྱི་རང་ལོ་༢༠ཙམ་ལོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་རྔ་བ་རྫོང་དུ་རྒྱ་ནག་གི་དྲག་ཆས་དམག་དཔུང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཟིན་ཡོད་པར་བརྟེན། ཕྱི་ཚེས་༡༤ཉིན། བཙན་བྱོལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་རྒྱ་ནག་གི་རྩུབ་སྤྱོད་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནད་དོན་དེ་ལ་དོ་ཁུར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།