ས་གནས་ཛུ་རིག་ཚོགས་ཆུང་གི་བོད་ཀྱི་ལོ་སར་མཛད་སྒོ་འཚོགས།

ས་གནས་ཛུ་རིག་ཚོགས་ཆུང་གི་བོད་རིགས་སྤུན་ཟླ་༣༠༠ལྷག་མཉམ་འཛོམས་ཀྱིས་འདི་ཟླའི་རེས་གཟའ་སྤེན་པ་དང་སྟབས་བསྟུན།  བོད་རྒྱལ་ལོ་༢༡༤༧རབ་གནས་ལྕགས་བྱི་གནམ་ལོ་གསར་བཞད་ཀྱི་རྟེན་འབྲེལ་དུས་སྟོན་ལོ་སར་གྱི་འདུ་འཛོམས་མཛད་སྒོ་ཆེན་པོ་ཞིག་སྔ་བསྣུར་དུ་འཚོགས་ཤིང་།དེ་ཡང་མགྲོན་གྱི་གཙོ་བོ་རི་ཀོན་མཁན་རིན་པོ་ཆེས་གཙོས་པའི་དགེ་འདུན་པ་རྣམ་པ་དང་།བོད་མི་མང་གི་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས།དོན་ཁང་གི་སྐུ་ཚབ།བོད་རིགས་མི་མང་གི་ཚོགས་གཞོན་བཅས་ཆེད་ཕེབས་གནང་།

ཐོག་མར་མཁན་བླ་དགེ་འདུན་རྣམ་པས་དབུས་སྐུ་མགྲོན་རྣམ་པ་དང་མཛད་གཙོ་རྣམ་པས་སྣེ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་དཔར་སྔུན་བསུས་ཀྱིས་བཞུགས་ཁྲིར་མངའ་གསོལ་ཞུས་པ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་གནང་།མཛད་རིམ་དབུ་འཛུགས་ཐོག་སྐུ་མགྲོན་རྣམ་པ་དང་མང་ཚོགས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་གནང་།

ཛུ་རིག་ཚོགས་ཆུང་གི་ཚོགས་གཙོ་ཝང་དཀར་ཚེ་རིང་ལགས་ནས་འཚམས་འདྲིའི་གསུང་བཤད་དང་།ལོ་སར་འདུ་འཛོམས་སྔོན་དུ་གཏོང་དགོས་དོན་ནི་ཚོགས་ཆུང་གི་ཚོགས་མི་གང་མང་མང་འདུ་འཛོམས་ཐུབ་པ་དང་།ལོ་ན་གཞོན་པ་རྣམས་ནས་སོ་སོའི་ཕ་མེས་ཀྱི་ཁྱད་ཆོས་རིག་གཞུང་ངོ་སྤྲོད་ཐུབ་པའི་དགོས་དོན་ཡིན་ཞེས་དང་།ཁོང་ནས་འབོད་བསྐུལ་ཞུ་རྒྱུར་བོད་རིགས་མི་མང་གི་སྒྲིག་འཛུགས་དང་བོད་སྤྱིའི་ལས་འགུལ་ཆེད་དུ་མི་མང་ནས་གཞོག་འདེགས་གང་མང་མང་མཉམ་ཞུགས་གནང་རོགས་ཞེས་འབོད་བསྐུལ་གནང་།

སྐུ་ངོ་དོན་གཅོད་ཁང་གི་སྐུ་ཚབ་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཀྱང་མང་ཚོགས་ལ་ལོ་གསར་འཚམས་འདྲི་གནང་སྟེ།མི་མང་གི་ཤེས་ཡོན་གལ་གནས་ཆེ་ཚུལ་དང་ཇི་ཙམ་གྱིས་ཤེས་ཡོན་ཆེ་བས་བོད་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་དེ་ཙམ་གྱིས་དོན་འཁྱོལ་བསྒྲུབ་ཐུབ་ཅེས་གསུངས།

འདི་ག་ས་གནས་ཛུ་རིག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་དག་གིས་བོད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པའི་ཟློས་གར་གྱི་ལམ་ནས་མི་ཉམས་གཅེས་ཉར་བརྒྱུད་འཛིན་དང་།དོ་སྣང་ཆེ་བསྐྱེད་གནང་བཞིན་ཡོད་མུར།དེ་ཉིན་སློབ་ཕྲུག་ཡོངས་ནས་སོ་སོའི་སྦྱངས་རྩལ་གདེངས་ཆའི་སྟེང་དུ་གཅིག་མཇུག་གཉིས་མཐུས་ཀྱིས་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བར་གཟིགས་མོ་ཡོངས་དགའ་མགུ་བསྔགས་བསྔགས་བརྗོད་དང་སྤྲོ་བའི་ངང་དུ་འཁོལ།ཛུ་རིག་བོད་ཡིག་སློབ་དགེ་ཟུར་པ་སྤེན་པ་ཚེ་རེང་ལགས་ནས་བཀྲ་ཤིས་པའི་ལོ་གསར་འབྲས་དཀར་འཁྲབ་སྟོན་གཟིགས་འབུལ་སོགས་རིམ་པས་གཞས་སྣ་འདྲ་མིན་༣༠ལྷག་འཕྲབ་སྟོན་གནང་།

དགོང་མོའི་ཞལ་ལག་ལེགས་པར་གྲུབ་རྗེས་མུ་མཐུད་མི་མང་ནས་སྒོར་གཞས་འཁྲབ་སྟོན་གནང་།ཉིན་རྒྱབ་ནས་མཚན་དགུང་བར་འཚོགས་པའི་མཛད་རིམ་དེ་ཉིན་མི་མང་རྣམས་སོ་སོའི་གྱོན་པ་གཟབ་ཆོར་སྤྲས་ཏེ་སོ་སོའི་དགའ་ཉེ་དང་ཐུག་འཕྲད་ཀྱིས་ཅི་དགར་ལོངས་སུ་སྤྱད་དེ་དུས་སྟོན་གང་ལེགས་བྱུང་སོང་ཞེས་ཁ་གཅིག་གྲགས་ཀྱི་བསམ་ཚུལ་བརྗོད་རེས་གནང་བ་དང་བཅས་དགའ་སྟོན་མཛད་རིམ་ལེགས་པར་མཇུག་སྒྲིལ་སོང་།

གསར་འགོད་པ། ཝང་དཀར་ཚེ་རིང་དང་པར་པ་བཀྲ་ཤིས་རྣམ་རྒྱལ་གཉིས་ནས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།