ས་གནས་འཐུས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་༼བོད་དོན་བགྲོ་གླེང་།༽ གི་སྐོར་སྐྱོད་ལས་འཆར་ཐེངས་གསུམ་པ་ས་གནས་བྷེརན་ཚོགས་ཆུང་དུ་བསྐོང་འཚོགས་གནང་བ།
སུད་སི་དང་ལེཀ་ཏན་སི་ཊཡན་ས་གནས་འཐུས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་༼བོད་དོན་བགྲོ་གླེང་།༽གི་སྐོར་སྐྱོད་ལས་འཆར་ཐེངས་གསུམ་པ་དེ་བཞིན་འདི་ལོའི་ཟླ་ ༠༡ ཚེས་ ༡༤ཉིན་ས་གནས་བྷེརན་༼BERN༽ཚོགས་ཆུང་དུ་བོད་དོན་བགྲོ་གླེང་བ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་རྣམ་གཉིས་ཀྱིས་ས་གནས་མི་མང་ ༡༠༠སྐོར་འདུ་འཛོམས་ཐོག་་བོད་དོན་སྐོར་གྱི་བགྲོ་གླེང་དབུ་འཛུགས་གནང་། བློ་བཟང་ཉི་མ་ལགས་ཀྱིས་བོད་རང་གི་རྒྱལ་རབས་ལོ་རྒྱུས་ཀྱི་བྱུང་རིམ་སྤྱི་དང་། ཁྱད་པར་དུ་ཆོས་རྒྱལ་ལོ་པཎ་བཀྲིན་ཅན་ཚོའི་བླ་མེད་ཐུགས་བསྐྱེད་དང་། འོད་སྟོང་འབར་བའི་མཛད་རྗེས། རིན་ཐང་བྲལ་བའི་ཤུལ་བཞག་གི་ཁྱད་ནོར་བཅས་ནི་བོད་མི་རིགས་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་བདེ་དོན་ལ་ཕན་རླབས་ཆེ་ཚུལ་ཁག་དེང་གི་དངོས་ཡོད་སྤྱི་ཚོགས་དང་གཤིབ་བསྡུར་ཐོག་རྩལ་ཏུ་བཏོན་ནས་བགྲོ་གླེང་དང་། སྔོན་བྱོན་མེས་པོ་དམ་པ་ཚོའི་ཆབ་དཔལ་རིག་གསུམ་གྱི་མཛད་འཕྲིན་ཇི་བསྐྱངས་བོད་ཕྱི་རབས་པ་རྣམས་ལ་གདེང་སྤོབས་སྐྱེས་འོས་པ་ཞིག་ཡིན་པ་ངོས་འཛིན་ཐོག་བོད་དོན་བདེན་མཐའ་སེལ་སླད་བོད་མི་ཡོད་དོ་ཅོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་་འཁྲིད་ལམ་སྟོན་འོག་ཤར་སྐྱོད་གནང་གལ་ཆེ་ཚུལ་སོགས་སེམས་ཚོར་དྲག་པོ འི་སྒོ་ནས་བགྲོ་གླེང་ལྷུག་པོ་གནང་། དེ་བཞིན་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ༧གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུས་གཞུང་ཞབས་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་སྐྱབས་བཅོལ་དུ་ཕེབས་འབྱོར་བྱུང་བ་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གནས་ཡུལ་རྒྱལ་ཁབ་ནང་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་གཞིས་ཆགས་གསར་འཛུགས་སྲ་བརྟན་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་བོད་མི་ཁེ་གཙང་གི་སློབ་གྲྭ་དང་ཆོས་སྒར། དེ་བཞིན་གཞུང་གི་ལས་ཁུངས་མ་ལག་གསར་འཛུགས་ཐོག་བོད་མིའི་རང་དབང་སླར་གསོ འི་གནང་སྒོ་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཡུལ་དུས་གནས་སྟངས་ལ་གཞིགས་ནས་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་དང་བོད་རྒྱ་ཞི་མོལ། དེང་གི་འགྲོས་དང་མཐུན་པའི་མང་གཙོའི་འཕེལ་རིམ་གྱི་མཚོན་པའི་ཆབ་སྲིད་ཀྱི་འཕོ་འགྱུར་སྐོར་དཔེ་རིས་དང་སྦྲགས་ནས་འགྲེལ་བརྗོད་དང་བྱེས་འབྱོར་བོད་མི་ཚོས་མུ་མཐུད་ནས་བོད་དོན་འཐབ་རྩོད་ཀྱི་འགན་འཁྲི་དྲན་སྐུལ་དང་རྒྱུན་འཁྱོངས་གནང་རྒྱུའི་གཞེན་སྐུལ་བརྒྱུད་བགྲོ་གླེང་གནང་བ་བཞིན་མི་མང་ནས་བགྲོ་གླེང་བ་རྣམ་པ་གཉིས་ལ་སོ་སོ འི་དྭོགས་གནད་ཁག་དྲི་བ་དྲིས་ལན་ལྷུག་པོ་གནང་བ་དང་། ས་གནས་བྷེརན་ཚོགས་ཆུང་གི་འཐུས་མི་གཙོས་མི་མང་ཆ་ཚང་ནས་བོད་དོན་བགྲོ་གླེང་གི་ལས་འཆར་འདི་བཞིན་ཡུལ་དུས་གནས་སྟངས་གཞིགས་པའི་ཕན་རླབས་ཆེན་པོ་ཞིག་ཡིན་པ་ངོས་འཛིན་དང་བསྔགས་བརྗོད། དེ་བཞིན་ལས་འཆར་འདི་མུ་མཐུད་ནས་ས་གནས་ཁག་ནང་སྐོར་སྐྱོད་གནང་རྒྱུའི་འབོད་སྐུལ་ནན་པོ་གནང་བ་སོགས་བཅས་སྐབས་བབ་བགྲོ་གླེང་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་།།
བགྲོ་གླེང་གོ་སྒྲིགས་ཚོགས་མི་བསྟན་འཛིན་སྙིང་པོ་ནས། ཕྱི་ལོ་ ༢ ༠༡ ༥ ཟླ་ ༠༡ ཚེས་༢༤ ཉིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།