ས་གནས་ཨར་གྷའོ་ལོ་གསར་སྲུང་བརྩི་ལེགས་སྒྲུབ།

ཁ་སང་ཕྱི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་གི་ལོ་གསར་སྲུང་བརྩི་ཟབ་རྒྱས་ངང་ལེགས་པར་སྲུང་བརྩི་གནང་ཡོད། དེའི་ཉིན་སྔ་དྲོ་རི་ཀོན་ཆོས་འཁོར་དགོན་ནས་དགེ་འདུན་གདན་ཞུས་ཀྱིས་མཁའ་མཉམ་སྐྱེ་འགྲོ་ཀུན་གྱི་སླད་རི་བོ་གསང་མཆོད་ཀྱི་གསང་གསོལ་དང་། ༧རྒྱལ་བའི་སྐུ་ཚེ་བརྟན་པ་དང་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་སླད་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་། ས་གནས་ཨར་གྷའོ་བོད་སློབ་ཀྱི་སློབ་ཕྲུག་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་ནས་རིམ་བཞིན་རྒྱུན་ལྡན་ལྟར་རོལ་དབྱངས་དང་རྩེད་རིགས་འདྲ་མིན་སོགས་མཚན་མོ་ཕྱག་ཚོད་ ༡༢ བར་མི་མང་ཡོངས་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ། ལོ་གསར་གྱི་འདུ་འཛོམས་ཆེན་མོ་དེ་དང་སྟབས་བསྟན་ལོ་ལྟར་ས་གནས་ཨར་གྷའོ་བོད་སློབ་ཀྱི་སློབ་མ་ཡོངས་ལ་ལེགས་སྐྱེས་འབུལ་སྲོལ་ཡོད་པ་ལྟར་ད་ལན་ཡང་སློབ་ཕྲུག་ཁྱོན་བསྡོམས་ ༧༦ ཙམ་ཞིག་ཡོད་པ་ཡོངས་རྫོགས་ལ་དམིགས་བསལ་བཟོ་སྐྲུན་ཞུས་པའི་བོད་ཀྱི་རྒྱལ་དར་ཡོད་པའི་ལྟོ་ཕད་རེ་རེ་དང་བྲིས་དེབ་རེ་རེ་གསོལ་སྩལ་གནང་བ་མ་ཟད་ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཨང་རིམ་རྩེ་ཕུད་རྣམས་ལ་དམིགས་བསལ་བྱ་དགའ་ཡང་གསོལ་རས་གནང་ཡོད།  ཐེངས་འདིར་ས་གནས་ཨར་གྷའོ་བོད་སློབ་ཀྱི་དགེ་རྒན་རྣམ་པ་བཞི་ལ་ཐུགས་རྗེ་ལེགས་གསོལ་གྱི་སླད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་ཐང་དང་དགེ་རྒན་རྣམས་ཀྱི་གཟའ་ཟླ་རྣམས་ལའང་སྤྱོད་བདེའི་གློག་གི་མར་མེ་བཅས་འབུལ་ལམ་ཞུས་ཡོད།  ས་གནས་ཚོགས་ཆུང་ལ་རྒྱུན་ལྡན་ནས་ལྷག་བསམ་རྣམ་དག་ཐོག་རྒྱབ་སྐྱོར་ཕྱག་རོགས་གནང་མཁན་ཚོགས་མི་བཅུ་བདུན་ཙམ་ཞིག་ལ་གཟེངས་བསྟོད་ཀྱི་ཕྱག་འཁྱེར་ཡང་འབུལ་ལམ་ཞུས་ཡོད།
དམིགས་བསལ་གདན་ཞུས་གནང་བའི་ཕ་རན་སི་ནས་གཞས་མ་ཀརྨ་སྒྲོལ་དཀར་ལགས་དང་སུད་སི་ནས་བསྟན་འཛིན་ཐོགས་མེད་ལགས་རྣམ་པ་གཉིས་ནས་བོད་གཞས་དང་རྒྱ་གར་གྱི་གླུ་གཞས་སྙན་འཇེབས་ལྡན་པའི་ངང་བཏང་གནང་ནས་མི་མང་ཡོངས་རྫོགས་བརྗེད་ཐབས་མེད་པའི་བདེ་སྐྱིད་ཀྱི་ཚོར་བ་སྟེར།
མཐའ་མར་ས་གནས་ཀྱི་མི་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་བཀྲ་ཤིས་པའི་བོད་ཀྱི་སྐོར་བྲོ་ཧུར་ཐག་བར་ཐག་འཁྲབས་ནས་ཆུ་ཡོས་ལོའི་ལོ་གསར་གྱི་ལེའུ་རེ་ཞིག་མཇུག་བསྒྲིལད། །

ས་གནས་འཐུས་མི་ཚེ་དབང་མུན་སེལ་ནས།
བཀྲ་ཤིས་རྣམ་རྒྱལ་ལགས་ནས་འདྲ་དཔར་ལེན་པ་རྣམས་འདིར་བཞག་ཡོད།

མཆན། ཉི་གཞོན་ལགས་ནས་འདྲ་དཔར་དང་བརྙན་ལེན་པ་རྣམས་རིང་མིན་གང་མགྱོགས་ངོ་དེབ་ཐོག་འབུལ་ལམ་ཞུ་རྒྱུ་ཡིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།