ས་སྐྱ་༸གོང་མ་རིན་པོ་ཆེའི་དགུང་གྲངས་ ༧༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
དེ་ཉིན་སྐུ་མགྲོན་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་འདར་གྲང་མོ་ཆེའི་མཁན་ཆེན་ཡང་སྲིད་ངག་དབང་ཀུན་བཟང་འཕྲིན་ལས་རྒྱ་མཚོ་རིན་པོ་ཆེའི་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། ས་གནས་གྲོས་ཚོགས་དང་མི་མང་གི་ཚོགས་གཞོན་གཅིག་ལྕོག་བླ་རྙིང་པད་མ་ཚེ་རིང་ལགས། སྤྱི་ཟུར་རྣམ་པ། ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ་དང་། སུད་སིའི་ཁུལ་དུ་གནས་སྡོད་ཤ་རུས་གཅིག་པའི་སྤུན་ཟླ་ཉིས་བརྒྱ་མན་ཞིག་བཅས་མཉམ་འཛོམས་ཐོག་སུད་སི་མི་མང་ཟློས་གར་ནས་རྔ་རོལ་གླིང་བུས་མདུན་བསུ་ནས་སྐུ་པར་བཞུགས་ཁྲི་རིན་པོ་ཆེར་གདན་ཞུས་གྲུབ་མཚམས་འབྲེལ་ཡོད་རྣམས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་དང་ས་སྐྱ་༸གོང་མ་རིན་པོ་ཆེའི་སྐུ་པར་སོ་སོའི་མདུན་དུ་མཎྜལ་སྐུ་གསུམ་ཐུགས་རྟེན་འདེགས་འབུལ་དང་། དེ་ནས་རིམ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ངག་བཅད་སྐར་མ་གཅིག་བཅས་གནང་ནས་ཚང་མ་བཞུགས་གྲལ་ལ་འཁོད་མཚམས་༸གོང་ས་སྐྱབས་མགོན་ཆེན་པོ་ཆོག་གི་ཞབས་བརྟན་གསོལ་འདེབས་དང་། ས་སྐྱ་༸ གོང་མ་རིན་པོ་ཆེའི་ཞབས་བརྟན་བསོག་བསྒྲུབ་ཞུས། ཆོས་ཕྱོགས་ཀྱི་མཛད་རིམ་གྲུབ་མཚམས་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་དང་ས་གནས་གྲོགས་ཚོགས་ཀྱི་ཚོགས་གཞོན་གཅིག་ལྕོག་བླ་རྙིང་པད་མ་ཚེ་རིང་ལགས་ནས་གསུང་བཤད་གནང་དོན། ང་ཚོ་གལ་ཆེ་ཤོས་ས་སྐྱ་༸གོང་མ་རིན་པོ་ཆེའི་བཀའ་སྒྲུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ས་སྐྱ་༸གོང་མ་རིན་པོ་ཆེ་ནི་༸གོང་ས་མཆོག་གི་བཀའ་ཆ་ཚང་ཆད་ལྷག་མེད་པར་བསྒྲུབ་མཁན་ཞིག་རེད། དེ་འདྲ་སོང་ཙང་ཁོང་གི་བཀའ་སྒྲུབ་ཐུབ་པ་ཡིན་ན་༸གོང་ས་མཆོག་གི་བཀའ་སྒྲུབ་པ་དང་གཅིག་མཚུངས་རེད་ཅེས་དང་། སུད་སི་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་ཚེ་དབང་ལགས་ནས་ས་སྐྱ་༸གོང་མ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་ནས་གསུང་བཤད་གནང་ཡོད། དེ་ནས་བོད་དྲུང་འཆི་མེད་ཀྱིས་བརྩེ་ཆེན་ཚོགས་པའི་བྱུང་རབས་དང་དམིགས་ཡུལ་བཅས་མི་མང་ལ་ངོ་སྤྲོད་བྱས། དེ་ནས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་དོན། ས་སྐྱ་༸གོང་མ་རིན་པོ་ཆེན་ནི་ཉིན་མཚན་དུས་དྲུག་ཏུ་གདུལ་བྱ་ཚོར་བྱམས་བརྩེའི་གཟིགས་པ་ཆེན་པོ་གནང་མཁན་ཞིག་དང་། མཛད་པ་འཕྲིན་ལས་ཡིན་ནའང་གོང་འཕེལ་ཡོང་བཞིན་པ། ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཐུགས་རྣམ་པ་དག་པའི་རང་བཞིན་ཅན་ཞིག་ཡིན་པ་མཁྱེན་གསལ་ལྟར་རེད། བོད་བརྒྱུད་ནང་བསྟན་ལ་ཆ་མཚོན་ནས་ཞུས་ན་དཔལ་ལྡན་ས་སྐྱ་པ་ལྟ་བུ་གཅིག་གིས་ཀྱང་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་ཆ་ཚང་བ་ཞིག་གི་ཚབ་བྱེད་ཐུབ་ཀྱི་ཡོད་སྟབས་ང་ཚོ་སློབ་མ་ཚོས་ཀྱང་ཆོས་བརྒྱུད་ཀུན་ལ་དག་སྣང་དང་བླ་མའི་བཀའ་སྒྲུབ་དགོས་པ་གནད་འགག་རེད་ཅེས་སོགས་བླང་དོར་གྱི་བཀའ་སློབ་གནང་། དེ་ནས་རིམ་བཞིན་དགའ་སྤྲོའི་མཆོད་སྤྲིན་ཆེད། སུད་སི་མི་མང་གི་ཟློས་གར་དང་། ས་གནས་སྡེ་དགེ་སྐྱིད་སྡུག་ཚོགས་པ། ཐར་དཀར་རྒོད་པོའི་གླུ་གར་ཚོགས་པ་བཅས་སོ་སོ་ནས་ནང་མ་སྟོད་གཞས་དང་། སྡེ་དགེའི་བྲོ་ཆེན། སྐོར་བྲོ་སོགས་ཀྱི་གཟིགས་འབུལ་ཞུས་ཡོད་པ་མ་ཚད། གཞན་ཡང་གཞས་པ་གཞས་པ་མང་པོས་གླུ་གཞས་ཀྱི་མཆོད་པ་ཕུལ། མཐར་བརྩེ་ཆེན་ཚོགས་པའི་སློབ་སྟོན་པ་རྒན་དགེ་འདུན་ལགས་ནས་ཐུགས་རྗེ་ཆེ་ཞུ་ཡི་གསུང་བཤད་དང་བཅས་མི་མང་གི་སྒོར་གཞས་སྣ་ཚོགས་ཤིག་མཉམ་དུ་འཁྲབ་ནས་མཛད་སྒོ་བཀྲ་ཤིས་པའི་ངང་ནས་གྲོལ་ཡོད། གསར་འགྱུར་སྤྲོད་མཁན་འཆི་མེད་སྟག་ལྗོངས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།