ས་གནས་རི་ཀོན་དུ་སུད་སི་རྒྱལ་ཁབ་དང་མི་མང་ལ་བཀའ་དྲིན་རྗེས་དྲན་ཆེད་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས།
ས་གནས་རི་ཀོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ པའི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ས་གནས་རི་ཀོན་དང་དེའི་ཉེ་འབྲེལ་གྲོང་ཁྱེར་ཝིན་ཊར་ཐུར་དང་། ས་གནས་ཛེལ། ཐུར་བིན་ཐར་བཅས་ནས་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་ཡུལ་མི་སུམ་ཅུ་སོ་གྲངས་ཤིག་གདན་ཞུས་བཀྲིན་རྗེས་དྲན་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས། ཐོག་མར་ཚོགས་ཆུང་གི་ཚོགས་མིས་བོད་ལུགས་ཐོག་སྐུ་མགྲོན་རྣམས་ཕྱེ་མར་ཆང་ཕུད་ཀྱིས་སྣེ་ལེན་ཞུས་ཏེ་ཚོགས་ཁང་ནང་གདན་དྲངས། དེ་རྗེས་ཚོགས་མི་ལམ་བྲག་པདྨ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་ལས་རིམ་ངོ་སྤྲོད་སྦྲགས། སུད་སི་རྒྱལ་ཁབ་དང་མི་མང་གིས་བོད་པར་བཀའ་དྲིན་ཆེན་པོ་ཇི་ལྟར་བསྐྱངས་ལུགས་དང་། ཐོག་མ་ཕྱི་ལོ་ ༡༩༦༠ ནང་སུད་སི་རྒྱ་གྲམ་དམར་པོས་བོད་མི་ཆིག་སྟོང་མ་ཟིན་ཙམ་སུད་སིར་སྐྱབས་བཅོལ་དུ་ལེན་སྒོ་ཚུགས་པ་ནས་ད་རིང་བོད་རིགས་སྟོང་ཁ་ཤས་ལ་འཚོ་བའི་མཐུན་རྐྱེན་སྦྱར་ནས་བོད་མི་རྣམས་འདི་ག་སུད་སིར་ཕ་ཡུལ་གཉིས་པ་ལྟར་གྱིས་གཞིས་ཆགས་ཡོད་པས་བཀའ་དྲིན་ཆེན་པོ་དང་། ཁྱེད་རྣམས་པས་འཚོ་བའི་མཐུན་རྐྱེན་ཙམ་མིན་པར་ཆབ་སྲིད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུས། དེ་རྗེས་ས་གནས་རི་ཀོན་ཆོགས་ཆུང་གི་འཐུས་མི་བློ་བཟང་སྙན་གྲགས་ལགས་ཀྱི་ཕེབས་བསུའི་གསུང་བཤད། རི་ཀོན་དགོན་པའི་རྒན་བསྟན་འཛིན་ཆོས་མཛད་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། སུད་སི་བོད་རིགས་མི་མང་གི་ཚོགས་གཞོན་ཕྱོགས་གཤམ་པ་ཕུན་ཚོགས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་བོད་རིགས་ཐོག་མ་འབྱོར་སྐབས་དང་ད་ལྟའི་གནས་སྟངས་རོབ་ཙམ་གསལ་བཤད་གནང། དེ་རྗེས་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས། བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ངོ་སྤྲོད་དང་། སུད་སིར་གནས་སྡོད་བོད་རིགས་༧༥༠༠ ཙམ་གྱིས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་། སུད་སི་ཡུལ་མི་དང་སྣེ་ཡོད་མི་སྣ། ཡང་སྒོས་གྲོགས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༣༤ ཡོད་པ་ཚང་མས་བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ། ཚོགས་ཐོག་ཏུ་མངའ་སྡེ་ཝིན་ཊར་ཐུར་ (WInterthur) གྱི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་སྐུ་སི་ཊའི་ནར་ ཨ་ནེ་ཏ་ (Steiner Annetta) ལགས་ཀྱིས། དེ་རིང་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་། སུད་སི་རྒྱལ་ཁབ་ནང་བོད་མི་རྣམས་རང་ཡུལ་ཤོར་ནས་འདི་གར་ཕ་ཡུལ་གཉིས་པ་ལྟར་བཞུགས་ཡོད་པར་རྒྱབ་སྐྱོར་དང་། ཉེ་ཆར་༧གོང་མ་མཆོག་སུད་སིར་ཕེབས་སྐབས་ངོས་རང་གསུང་ཆོས་སུ་བཅར་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་དཔག་མེད་སྟེར་བྱུང་གསུངས། ས་གནས་ཛེལ་ (Zell) གྱི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཕོལ་མེར་ བུ་རུ་ནོ། (Vollmer Bruno) ཐུར་བིན་ཐར་ (Thurbental) གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་བུ་རུན་ནར་ གེ་ཨོརག (Brunner Georg) རི་ཀོན་ཆོས་འཁོར་དགོན་གྱི་སྐུ་ཞབས་རྒན་ཆོས་མཛད་ལགས་ཀྱིས་དབུས་དགེ་འདུན་པ། སྤྱི་ཟུར། སུད་བོད་ཚོགས་པའི་ཚོགས་གཙོ། བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་་ཡུལ་མི་བཞི་བཅུ་ཙམ་འདུ་འཛོམས་ཀྱིས་ཐུགས་རྗེ་ཆེ་ཞུས་ལས་རིམ་གལ་ཆེན་ཞིག་འཚོགས། མཇུག་ཏུ་ས་གནས་རི་ཀོན་ཚོགས་ཆུང་གི་སློབ་ཕྲུག་ཚོས་བོད་གཞས་སྤྱན་འབུལ་ཞུས་་པ་དང་སྐུ་མགྲོན་རྣམས་ལ་ཕྱག་རྟགས་གསོལ་ཇ་མཆོད་ཆེད་ཀྱི་ཕོར་པར་ཐུགས་རྗེ་ཆེ་སུད་སི་བཀོད་པ་རེ་རེར་གནང་ནས་ལས་་རིམ་བཀྲ་ཤིས་ངང་མཇུག་སྒྲིལ།
གནས་ཚུལ་མཁོ་གཏོང་བ། སྤྱི་ཟུར་ལྡུམ་ར་ཆོས་རྒྱལ་བསྟན་འཛིན་གྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།