སུད་སི་གཞུང་གིས་སློབ་གྲྭ་སོགས་བསྐྱར་དུ་སྒོ་ཕྱེ་རྒྱུ་ཟླ ༤་ཚེས་༢༦ བར་ཕྱིར་འགྱངས།

ཉེ་སྔོན་སུད་སི་ནང་ནད་ཡམས་སྔོན་འགོག་ཆེད་ཟ་ཁང་དང་། སློབ་གྲྭ།  བཟའ་བཅའི་རིགས་མ་ཡིན་པའི་ཚོང་ཁག་ཟླ ༤ ཚེས་༡༩ བར་སྒོ་རྒྱག་དགོས་པའི་བཀའ་ཁྱབ་གནང་ཡོད་ཀྱང་། དེ་རིང་ཕྱི་ཚེས་༨ ཉིན་གཞུང་གི་འཛིན་སྐྱོང་ལྷན་ཚོགས་ཀྱིས་བསྐྱར་དུ་བཀའ་ཁྱབ་གནང་སྟེ། སློབ་གྲྭ་དང་ཟ་ཁང་སོགས་བསྐྱར་ཏུ་སྒོ་ཕྱེ་རྒྱུ་སྤྱི་ཟླ་༤ ཚེས་༢༦ བར་ཕྱིར་འགྱངས་བྱས་ཡོད་སྐོར་བསྒྲགས་གནང་སོང་།

ཉེ་བའི་ཉིན་ཤས་ནང་སུད་སིའི་ཆབ་སྲིད་ཚོགས་པ་ཁག་དང་། བཀའ་ཤག་ལྷན་ཚོགས་ནང་ནད་ཡམས་སྔོན་འགོག་གི་སྲིད་བྱུས་དང་། དམིགས་བསལ་ནད་ཡམས་སྔོན་འགོག་ཆེད་སྲིད་བྱུས་ཇེ་དམ་དུ་གཏོང་དགོས་མིན། ཉེ་ལམ་གྱི་བཀའ་ཁྱབ་ལྟར་སྤྱི་ཟླ་༤ ཚེས་༡༩་རྗེས་སུ་སློབ་གྲྭ་དང་ཚོང་ཁང་། ཟ་ཁང་སོགས་ཡོངས་སུ་སྒོ་ཕྱེས་ཏེ་རྒྱུན་ལྡན་ལྟར་འགྲོ་འོང་དང་ཚོང་ལས་འཁོར་བསྐྱོད་བྱ་ཆོག་མིན། སུད་སིའི་མདུན་དུ་ལྷག་པའི་དཔལ་འབྱོར་གྱི་གནད་དོན། ནད་ཡམས་གྱི་ཛ་དྲག་གནས་ཚུལ་སོགས་ཀྱི་ཐད་ལྟ་ཚུལ་མི་མཐུན་པའི་གླེང་སློང་མང་པོ་བྱུང་སོང་མོད། དེ་རིང་གཞུང་གིས་བཀའ་ཁྱབ་གནང་སྟེ་ཉེ་སྔོན་བཀག་སྡོམ་བྱས་པའི་བྱེད་སྒོ་ཡོངས་རྫོགས་ཕྱི་ཟླ་༤ ཚེས་༢༦ བར་ཕྱིར་འགྱངས་བྱས་ཡོད་སྐོར་ཁྱབ་བསྒྲགས་གནང་།

སུད་སི་ནང་སྲིད་ལྷན་ཁང་གི་འགན་འཛིན་ Alain Berset ལགས་ཀྱིས་དེ་རིང་གསར་འགོད་ལྷན་ཚོགས་སྐབས་གསུང་དོན། ང་ཚོས་དེ་རིང་བཀག་སྡོམ་གྱི་དུས་ཡུན་རིང་དུ་གཏོང་བར་རྒྱུ་མཚན་མང་པོ་འགྲེལ་བཤད་རྒྱག་དགོས་དོན་མེད། ཕྱིར་འགྱངས་དུས་ཡུན་ནི་ཟླ་བ་ཁ་ཤས་མ་ཡིན་པར་བདུན་ཕྲག་གཅིག་གཉིས་ཙམ་རེད། ཚེས་༢༦ རྗེས་ནས་བཀག་སྡོམ་ལྷོད་ཡང་གཏོང་མིན་ཀྱང་ད་དུང་བཤད་དཀའ་ཚོད་ཡིན་ཀྱང་། ང་ཚོས་ཚོང་ལས་ཆུང་ཚག་གི་བྱེད་སྒོ་ཁག་ནས་འགོ་བརྩམས་ཏེ་རིམ་བཞིན་ཚོང་ལས་ཁག་སྒོ་ཕྱེས་ཏེ་མི་མང་གི་འཚོ་བ་རྒྱུན་ལྡན་དུ་ཡོང་བར་ཐབས་ཤེས་བྱ་དགོས་ཀྱི་ཡོད། ཅེས་དང་།

སུད་སི་འཕྲོད་བསྟེན་ལས་ཁང་གི་ཏོག་དབྱིབས་ནད་ཡམས་ཀྱི་ལས་སྒོའི་འགན་འཛིན་Daniel Koch ལགས་ཀྱིས་ཁ་སང་གསར་འགོད་ལྷན་ཚོགས་སྐབས་གསུང་དོན། བདུན་སྔ་མ་གསུམ་ནང་ནད་པའི་གྲངས་འབོར་འཕེལ་ཚད་ཉིན་རེར་༡༠༠༠ ཡས་མས་རེད། བདུན་ཕྲག་སྔོན་མ་ནས་ཉིན་ལྟར་ནད་པའི་གྲངས་འབོར་འཕེལ་ཚད་ཅུང་ཉུང་དུ་སོང་ཡོད་མོད། ནད་ཡམས་ཀྱི་འཕེལ་རིམ་དམའ་ཤོས་ལ་སླེབས་མེད་པས། ད་དུང་ང་ཚོས་ནད་ཡམས་སྔོན་འགོག་ལྷོད་ཡང་གཏོང་ཐབས་མེད། ཁ་སང་གཟའ་ལྷག་པའི་ཉིན་གྱི་ནད་པའི་གྲངས་འབོར་ལྟར་ན་ནད་པ་གྲངས་༢༢༧༨༩ སླེབས་ཡོད། སུད་སིའི་མི་ཁྲི་བཅུའི་ནང་ལ་ནད་པ་གྲངས་༢༦༦ ཙམ་རེ་ཡོད་པ་རེད། ཡུ་རོབ་ཁྱོན་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མི་འབོར་དང་བསྡུར་ན། ནད་པའི་གྲངས་འབོར་ཆེས་མང་པའི་ཚད་ལ་སླེབས་ཡོད། ད་དུང་རྟོག་དཔྱད་མ་ཐོན་པའི་མི་གྲངས་ཀྱང་མང་པོ་ཡོད་པ་རེད། ཅེས་སོགས་གསུང་སོང་།

 

གསར་གནས་འདི་སྙིང་དོན་ཟུར་འདོན་བྱས་པ་ཙམ་ཡིན་པས། གསར་གནས་རྒྱས་པར་གཟིགས་ན། འདིར་གཟིགས།

གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སྡོམས་རོགས།