སུད་སི་གྲོང་ཁྱེར་ཛུས་རིག་ཏུ་བདེན་པའི་མེ་ལྕེ་འཁོར་འབྱོར་དགའ་བསུ་ཞུས་པ།
༄༅། ༢༠༡༢ ཟླ་ ༡༡ ཚེས་ ༡ དགོང་གྲོ་ཆུ་ཚོད་ ༦་༠༠ ཐོག་སུད་སི་གྲོང་ཁྱེར་ཛུས་རིག་ཏུ་བདེན་པའི་མེ་ལྕེ་འཁོར་འབྱོར་དགའ་བསུའི་ཆེད་བོད་རིགས་དང་ཡུལ་མི་བདུན་བརྒྱ་ལྷག་ཙམ་གྱི་འདུ་འཛོམས་སར་སུད་སི་བོད་རིགས་མི་མང་གི་ཟློས་གར་ནས་རྔ་གླིང་དབྱངས་འཁྲིད་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་ཆོས་མཛད་བསྟན་འཛིན་ལགས་ནས་དབུ་འཁྲིད་དེ་བོད་དུ་རང་ལུས་མེ་འབུལ་དཔའ་འོ་ ༦༢ རྣམ་པའི་ཆེད་དུ་མཎི་ཡིག་དྲུག་མ་དང་ བདེན་ཚིགས་སྨོན་ལམ་བཅས་ངག་འདོན་གནང་། དེ་ནས་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་ལས་འགུལ་ངོ་སྤྲོད་དང་སེམས་འགུལ་ཐེབས་ནུས་ཀྱི་གསུང་བཤད་དང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ངོས་ནས་སྐུ་ཞབས་མར་ཊིན་ནེཕ་མཆོག་ཕེབས་ཏེ་ཁོང་ནས་སུད་སིར་གནས་སྡོད་བོད་མི་རྣམས་དང་ཡུལ་མིའི་དབར་ལོ་མང་གོང་ནས་དམིགས་བསལ་འབྲེལ་བ་ཡག་པོ་ཡོད་སྐོར་དང་སུད་སི་ཡུལ་མི་རྣམས་ཀྱི་མིང་ཚབ་ཏུ་བོད་དུ་ཡོད་པའི་བོད་མི་རྣམས་ཀྱི་དཀའ་ངལ་གང་མྱུར་སེལ་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས།
སུད་སི་བོད་རིགས་མི་མང་དང་ ཡོ་རོབ་གཞོན་ནུའི་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ། སུད་བོད་མཐུན་ཚོགས་བཅས་ནས་ལས་འགུལ་འདི་ཆིག་སྒྲིལ་མཉམ་རུབ་ཐོག་གོ་སྒྲིག་གནང་། མཛད་སྒོ་དེར་གོང་གསལ་ཚོགས་པའི་འགོ་ཁྲིད་སོ་སོ་ནས་ཀྱང་གསུང་བཤད་གནང་།
སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས་ནས་ཐོག་མར་ཕེབས་བསུ་དང་མཛད་སྒོ་གྲུབ་ཁར་ཐ་སྡོམ་གསུང་བཤད་གནང་སྟེ་དགོང་གྲོ་ཆུ་ཚོད་ ༨་༠༠ ཐོག་གྲོང་ཁྱེར་ཛུས་རིག་གི་ལས་རིམ་ཆ་ཤས་མཇུག་སྡོམ་གནང་བ་བཅས་སོ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།