སུད་སི་དང་ལིག་ཏེན་སིཊཡན་རྒྱལ་ཡོངས་ནང་ཡོད་པའི་བོད་སློབ་ཁག་གི་ངོ་སྤྲོད་ལེ་ཚན།
ལིག་ཏེན་སིཊཡན་བོད་སློབ་ཏུ་ལྟ་སྐོར་དང་ཕ་མ་རྣམས་ལ་ཟབ་སྦྱོང་།
དེ་རིང་ཕྱི་ལོ་ ༢༠༢༡ ཟླ། ༡༡ ཚེས། ༢༡ རེས་གཟའ་ཉི་མའི་ཉིན་ལིག་ཏེན་སིཊཡན་རྒྱལ་ཁབ་ཆུང་ངུ་དེའི་ནང་ཡོད་པའི་ས་གནས་བོད་སློབ་ཏུ་བལྟ་སྐོར་ཆེད་བསྐྱོད་པ་ཡིན།
དེ་གའི་ས་གནས་བོད་སློབ་ཏུ་རེས་གཟའ་ཉི་མའི་ཞོགས་པ་ཕྱག་ཚོད་དགུ་པ་ནས་ཕྱག་ཚོད་བཅུ་གཅིག་བར་བོད་ཡིག་འཛིན་གྲྭ་ཚོགས་བཞིན་འདུག སློབ་ཕྲུག་ལོ་དྲུག་ནས་བཅུ་གསུམ་ཙམ་གྱི་བར་ཡིན་པ་ཁྱོན་བསྡོམས་སློབ་ཕྲུག་དགུ་འདུག མ་འོངས་སོན་རྩ་འདི་དག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་འཁྲིད་གནང་མཁན་དགེ་རྒན་གཉིས་རེས་མོས་ཀྱིས་སློབ་འཁྲིད་གནང་བཞིན་འདུག
ལིག་ཏེན་སིཊཡན་བོད་སློབ་འདི་བཞིན་ ༢༠༢༠ ཕྱི་ཟླ་ ༡༠ པའི་ནང་གསར་དུ་དབུ་འཛུགས་ཞུས་པ་ཞིག་ཡིན་འདུག
ས་གནས་ཀྱི་བོད་སློབ་ཡར་རྒྱས་ཡོང་ཆེད་ས་གནས་ཀྱི་འཐུས་མི་གཙོས་རྒྱུན་ལས་རྣམ་པ་དང་ས་གནས་བོད་སློབ་འགན་འཛིན། དེ་བཞིན་ཁྱིམ་བདག་ཕ་མ་རྣམས་ནས་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་བཞིན་འདུག
ས་གནས་ལིག་ཏེན་སིཊཡན་བོད་སློབ་དེ་བཞིན་ (Balzers) ཞེས་པའི་གྲོང་སྡེའི་གཞུང་གི་སློབ་གྲྭའི་འཛིན་ཁང་ཞིག་གི་ནང་ཚོགས་ཀྱི་ཡོད་པ་དང་བོད་ཡིག་འཛིན་གྲྭ་ཚོགས་ཐེངས་ལོ་རེར་ཉུང་མཐར་ཐེངས་མ་སུམ་བཅུ་ཐམ་པ་ཚོགས་བཞིན་ཡོད་འདུག སློབ་ཕྲུག་གི་ལོ་ཚད་དང་ཤེས་ཚད་ལ་གཞིགས་ནས་འཛིན་རིམ་ཁག་མི་འདྲ་བ་གསུམ་སྟེ་སྔོན་འགྲོ་འོག་མ་དང་། སྔོན་འགྲོ་གོང་མ། འཛིན་གྲྭ་དང་པོ་བཅས་རེད་འདུག
དེ་རིང་འཛིན་གྲྭ་གྲོལ་རྗེས་ཁྱིམ་བདག་ཕ་མ་རྣམས་ལ་བྱིས་པའི་ཀླད་པའི་འཚར་ལོངས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གློག་བརྙན་དང་གཏམ་བཤད་ཟུང་འབྲེལ་བརྒྱུད་གོ་སྒྲིག་ཞུས་ཐུབ་པ་བྱུང་། ཟབ་སྦྱོང་གི་སྐབས་སུ་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན། ཟབ་སྦྱོང་གི་རྗེས་སུའང་དྲི་བ་དྲིས་ལན་སོགས་ཕན་ཚུན་སྦྱངས་བཤད་ལྷུག་པོ་བྱུང་སོང་།
སུད་སི་དང་ལིག་ཏེན་སིཊཡན་རྒྱལ་ཡོངས་ནང་ཡོད་པའི་བོད་སློབ་ཁག ༢༢ སོ་སོར་རིམ་བཞིན་སྐོར་བསྐྱོད་བྱ་རྒྱུའི་ལས་རིམ་ནང་གི་དེ་རིང་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད།
ས་གནས་ལིག་ཏེན་སིཊཡན་གྱི་འཐུས་མི་བློ་བཟང་ལགས་དང་རྒྱུན་ལས་རྣམ་པ། ས་གནས་བོད་སློབ་འགན་འཛིན་བསྟན་པ་ཚེ་རིང་ལགས་དང་བོད་དགེ་དབྱངས་ཕྱུག་ལགས། དེ་བཞིན་ཁྱིམ་བདག་ཕ་མ་ཡོངས་ནས་སྣེ་ལེན་དང་མཐུན་འགྱུར་སོགས་གནང་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་བར་འདོད།
གསར་འགོད་པ་ རྫ་བཀྲ་ཤིས་ནས་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།