སུད་སི་མདོ་སྨད་ས་རྒྱུན་དང་། གཞས་མ་རིག་འཛིན་སྒྲོལ་མ།
༢༠༡༦ ལོའི་ཟླ་༡༠ ཚེས་༨་རེས་གཟའ་སྤེན་པའི་ཉིན་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཁང་དབུ་བརྙེས་ནས་ལོ་འཁོར་༣༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་བསྡུས་འདུག་ཅིང་། མཛད་སྒོའི་ཐོག་བོད་ཀྱི་གཞས་མ་རིག་འཛིན་སྒྲོལ་མ་ལགས་ཆེད་དུ་གདན་འདྲེན་བྱས་ཏེ་སུད་སིའི་བོད་རིགས་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད་འདུགགོང་ཚེས་ཉིན་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཁང་དབུ་བརྙེས་ནས་ལོ་འཁོར་༣༠་འཁོར་བའི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་སུད་སི་ས་གནས་བུན་ཏར་ཐོར་Winterthur ནང་བསྡུས་ཡོད་པ་དང་། མཛད་སྒོའི་ཐོག་ཆེད་དུ་གདན་འདྲེན་བྱས་པའི་གླུ་མ་རིག་འཛིན་སྒྲོལ་མ་དང་།ཨ་རིར་གནས་སྡོད་གཞས་པ་དང་སྒྱུ་རྩལ་བ་རྟ་མགྲིན། སུད་སིར་གནས་སྡོད་གཞས་མ་བསམ་འགྲུབ་ལྷ་སྐྱིད། སུད་སིར་གནས་སྡོད་གཞས་པ་འཇམ་དབྱངས་དཔལ་ལྡན་བཅས་ཀྱིས་གཙོས་རྒན་གྱའི་ཚེ་རིང་སྐྱིད་དང་། བསྟན་འཛིན། བཀྲ་ཤིས་སྒྲོལ་མ། དཔལ་རྩེ་སོགས་གླུ་བ་མ་གླུ་མང་པོ་ཕེབས་འདུག་པ་མ་ཟད། མཛད་སྒོའི་སྐུ་མགྲོན་དུ་རི་ཁོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་། སུད་སི་དོན་གཅོད་སྐུ་ངོ། དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོའི་སྐུ་ཚབ། དེ་བཞིན་སུད་སིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་སོགས་ཀྱིས་མཚོན། སུད་སི་ནང་གནས་སྡོད་མདོ་སྨད་པ་གཙོས་ཡུ་རོབ་ཕྱོགས་མཐའ་ཁག་ནས་སླེབས་པའི་བོད་མི་སུམ་བརྒྱ་ལགས་མཉམ་ཞུགས་གནང་ཡོད་འདུག མཛད་སྒོ་གྲུབ་མཚམས་བོད་མི་ཡོངས་རྫོགས་མཉམ་དུ་སྐོར་གཞས་སོགས་ལ་རོལ་ཏེ་བོད་མིའི་སྤྲོ་སྐྱིད་མཉམ་རོལ་ལྟ་བུའི་འདུ་འཛོམས་ཤིག་ཏུ་གྱུར་བའི་བག་ཆག་ཟབ་མོ་བཞག་འདུག་པ་དང་། སྐུ་མགྲོན་དང་མི་མང་རྣམས་ཀྱིས་མཛད་སྒོ་འདིར་ཡི་རང་བསྔགས་བརྗོད་ཚད་མེད་བྱེད་ཀྱིན་ཡོད་འདུག
བོད་ཀྱི་གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ་ལགས་ལ་སྐུ་ཉིད་ཡུ་རོབ་ཁུལ་དུ་སླེབས་པའི་ཚོར་བ་དང་། ཡང་ན་དོ་ནུབ་གྱི་མཛད་སྒོའི་རྣམ་པ་དང་མི་མང་གི་རྣམ་པ་སོགས་ལ་ཚོར་བ་ག་འདྲ་ཡོད་སྐོར་མདོ་འཛིན་པས་སྐད་ཆ་དྲིས་སྐབས། ཁོ་མོས་བཤད་རྒྱུར། ང་རང་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁ་ཤས་ཤིག་ལ་སོང་བ་ཡིན། ས་ཆ་གང་དུ་སོང་ནའང་དེ་གའི་མི་མང་ལ་བསམ་ཚུལ་རེ་བརྗོད་ཀྱིན་ཡོད། ཐེངས་འདིར་ཡུ་རོབ་སུད་སི་ལ་སླེབས་རྗེས་ཚོར་བ་མི་འདྲ་བ་མང་པོ་སྤྲད་བྱུང་།
ཡག་ས་ནས་བཤད་ན་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོས་མི་རིགས་རང་གི་ངོ་བོ་དང་རྣམ་པ་ཡག་པོ་ཟིན་ཐུབ་འདུག་པ་མ་ཟད། བོད་ནང་ལས་ལྷག་པའི་ཡག་པོ་འདུག་བསམ་པའི་ཚོར་བའང་ཡོང་གི་འདུག བོད་ནང་གི་བོད་པ་མང་པོ་ཞིག་གིས་ཀྱང་རང་ཉིད་ཀྱི་གོམས་གཤིས་དང་སྐད་ཡིག་སོགས་ལ་མཐོང་ཆེན་དང་གོམས་གཤིས་མཁྲེགས་པོ་འཛིན་ཐུབ་ཀྱིན་མེད། འོན་ཀྱང་སྡུག་ས་ནས་བཤད་ན། ང་རང་འདི་ནས་ཁྱིམ་ཚང་ཁག་ཅིག་གི་ནང་སོང་བ་ཡིན། ཁྱིམ་ཚང་ཁ་ཤས་ནང་གི་བུ་ཕྲུག་ཚོས་བོད་སྐད་ཡག་པོ་བཤད་ཤེས་ཀྱིན་མེད་པར་ཕྱི་རྒྱལ་གྱི་སྐད་ཤོད་ཀྱིན་འདུག བོད་ནང་དུའང་དེ་བཞིན་རྒྱ་སྐད་མ་གཏོགས་མ་བོད་སྐད་ཁ་ནང་ལ་བདེ་བོ་མེད་པ་ལྟ་བུར་འགྱུར་བཞིན་མང་པོ་རེད། ཡིན་ནའང་ང་ཚོས་བོད་རང་གི་སྐད་དང་ཡི་གེ་ལ་བདག་པོ་ཡག་པོ་རྒྱག་དགོས་རྒྱུ་དང་། དེ་ལ་ཕ་མ་དེ་ཚོས་འགན་འཁུར་དགོས་རྒྱུ་དེ་གལ་ཆེན་རེད། ཅེས་ཟེར། གླུ་མ་རིག་འཛིན་སྒྲོལ་མ་ལགས་ནི་བོད་ཀྱི་གཞས་མ་ཞིག་ཡིན་པ་མ་ཟད། བོད་སྐད་ཡིག་སྲུང་སྐྱོབ་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན་འདུག་ལ། ཁོ་མོས་བོད་ནང་ཕ་སྐད་འཛིན་གྲྭ་སོགས་བོད་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་གི་ཡོད་འདུག
སུད་སིའི་ས་གནས་མདོ་སྨད་རྒྱུན་ལས་ཁང་འདི་སྤྱི་ལོ་༡༩༨༦ ལོའི་ཟླ་༥ ཚེས་༢༣ ཉིན་དབུ་བརྙེས། ཐོག་མར་སྒྲིག་འཛུགས་འདི་ཉིད་གསར་འཛུགས་གནང་མཁན་གྱི་གྲས་སུ་རི་ཀོང་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཞིང་གཤེགས་དགེ་འདུན་བཟང་པོ་མཆོག་དང་།གཅོད་པ་ཐར་རིན་ཆེན། གདོང་རྩེ་བསོད་ནམས་རབ་བརྟན་པ། བསོད་ནམས་རབ་རྒྱས། ཕྱོགས་དགེ་རྟ་མགྲིན། རིག་བདག་ཚང་ཡི་དམ་བཅས་ཡོད། སྤྱི་ལོ་༡༩༩༣ ལོའི་ ཟླ་༤ ཚེས༢༩ ཉིན་མདོ་སྨད་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་རྗེས་ཚོགས་པའི་ངོ་བོའི་ཐོག་སུད་སི་གཞུང་གི་ཁྲིམས་ལུགས་ལྟར་ཐོ་འགོད་ཀྱང་བྱས།སུད་སི་མདོ་སྨད་རྒྱུན་ལས་ཁང་འདི་ཉིད་འཛུགས་དགོས་པའི་དམིགས་ཡུལ་ནི།
གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རླབས་ཆེན་དབུ་ཁྲིད་འོག་དབུས་མདོ་སྨད་ཆོལ་ཁའི་བཀའ་ཁྱབ་བཞིན་སུད་སིར་གནས་བཞུགས་མདོ་སྨད་པ་ཡོངས་ཀྱིས་བོད་མིའི་ལས་འགན་ལེན་ཐུབ་དང་ཕྱོགས་ཡོངས་ནས་འཐུས་ཚང་ཡོང་ཆེད་ཤུགས་བསྣོན་བྱ་རྒྱུ་དང་། སུད་སིར་གནས་བཞུགས་མདོ་སྨད་པ་ཚོས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་ཏུ་མདོ་སྨད་ཡུལ་ལུང་ཁག་གི་སྲོལ་རྒྱུན་རིག་གནས་ཉར་ཚགས་བྱེད་ཆེད་འབད་བརྩོན་ལྷོད་མེད་གནང་རྒྱུ་མ་ཟད། བོད་ནས་སུད་སིར་གཉེན་འཕྲད་དུ་ཕེབས་པའི་མདོ་སྨད་པ་རྣམས་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། གོང་ས་མཆོག་གི་མཛད་འཕྲིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་རྗེས་ངོ་སྤྲོད་བྱ་རྒྱུ་བཅས་ཡིན་འདུགགསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།