སུད་སི་ས་གནས་ཧོར་གྷན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ།

༄༅། ཟླ་བ་༦ཚེས་༡། ད་རིང་རེས་གཟའ་ཉིན་མའི་ཉིན་ས་གནས་ཧོར་གྷན་དུ་མི་མང་འདུ་འཛོམས་ཆེན་པོའི་ཐོག་ཇི་ལྟར་སུད་སི་སེར་བྱེས་རིགས་གཞུང་བསྟི་གནང་ཁང་ནས་གསོལ་འདེབས་ཞུས་པ་གཞིར་སེར་བྱེས་མཁན་པོ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ནས་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་ཡོད་པ་རེད། ཐོག་མར་མཁན་རིན་པོ་ཆེ་ནས་དབུ་མཛད་དེ་བཞོགས་པ་ཚོུད་༡༠ཐོག་རྒྱུན་བཤགས་གསུམ་པ་ ཤེས་རབ་སྙིང་པོ་དང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བཅས་གསུང་གནང་མཛད།  རིན་པོ་ཆེ་མཆོག་ནས་ཐོག་མར་དུས་གསུམ་འཕྲིན་ལས་ཀྱི་ལྷ་འཕགས་མ་སྒྲོལ་མ་དེ་ལ་གསོལ་འདེབས་ཞུས་ན་ཕན་སླེབས་ཆེ་བ་དང་དོན་ཆེན་མིའི་ལུས་རྟེན་འདི་ཤིན་ཏུ་ནས་རྙེད་དཀའ་བ་ཡིན་དུས་མི་ཚེ་དེ་རིང་པོ་ཡོང་བ་དང་ ཚེ་རིང་བྱུང་ན་ཆོས་ཡང་དེ་བཞིན་བྱ་རྒྱུའི་གོ་སྐབས་ཡོང་རྒྱུ་ཡིན་པ་ཡིན་དུས་འཕྲིན་ལས་ཀྱི་ལྷ་འཕགས་མ་སྒྲོལ་མ་ལ་དུས་རྟག་ཏུ་གསོལ་བ་འདེབས་དགོས་པ་བཅས་ཀྱི་གསལ་བཤད་གནང་ནས་ཚེ་དབང་དངོས་གཞི་དབུ་མཛུགས་གནང་། ཚེ་དབང་ཞུས་པའམ་སྤྱིར་ཆོས་བྱ་བས་སྐབས་བར་ཆད་རིམ་པ་མང་པོ་ཡོང་བཞིན་ཡོད་ན་ད་རིང་ཡང་ཚེ་དབང་ཞུས་པས་སྐབས་བར་ཆད་དོར་བའི་ཆེད་གེགས་གཏོར་གནང་དགོས་པ་གསུང་ནས་གེགས་གཏོར་འབུལ། མང་ཚོགས་ནས་གསོལ་འདེབས་མཎྜལ་དབྱངས་དང་བཅས་པ་གསུང་གནང་མཛད་སྐབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།ཀུན་སློང་ཀུན་བཅོས་ཡག་པོ་དགོས་སྐོར་དང་ བྱང་སེམས་སྡོམ་པ་དང་༸སྐྱབས་འགྲོ་རྣམ་པར་དག་པ་རྒྱུད་ལ་སྐྱེས་པའི་ཐོག་ནས་ཚེ་དབང་འདི་ཞུས་དགོས་པ་ རང་ཉིད་ཀྱང་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོར་སྐྱེས་དགོས་པ་བཅས་ཀྱི་གསལ་བཤད་གནང་རྗེས་ཚེ་གཏོར་དང་ཚེ་རིལ་ཚེ་ཆང་བཅས་ཀྱི་དབང་རིམ་བཞིན་གནང་སོང་། མཐར་རིན་པོ་ཆེ་མཆོག་ནས་ཚེ་དབང་གྱི་ཕན་ཡོན་དང་མཚན་སྔགས་༼ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།༽གང་མང་གང་འགྲོ་གསོག་བསྒྲུབས་གནང་དགོས་པའི་བཀའ་སློབ་གནང། གོ་སྒྲིག་ཚོགས་ཆུང་གྱི་ཚོགས་མི་རྣམ་པ་དང་། གོ་སྒྲིག་ཕྱག་རོགས་པ་རྣམས་ལ་གསོལ་རས་ཕྱག་རྟགས་བསྩལ།མང་ཚོགས་ལ་ཚེ་གཏོར་དང་ ཚེ་རིལ་ཚེ་ཆང་བཅས་གནང་བཞིན་ཚེ་དབང་ལེགས་སྒྲུབ་ཟིན་སོང་། འདྲ་པར་་  ཚོགས་ཁང་བསྟན་བློ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།