སུད་སིའི་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཇི་བྱུང་གི་གནས་ཚུལ་སྤེལ་བ་ལྟར་ན།

སུད་སི་རྒྱལ་ཁབ་ནང་གི་གནས་སྟངས། ༼༢༠༢༠ ཟླ་ ༣ ཚེས་ ༢༠ ཉིན་དགུང་ཆུ་ཚོད་ ༡༢།༠༠ གཞིར་བཟུང་བ།༽

ནད་པའི་གྲངས་འབོར། ནད་པ་ངོས་ཟིན་པ་ ༤༨༤༠

དེ་རྣམས་ལས་ནད་པ་དངོས་དོན་ར་འཕྲོད་བྱུང་བ་ ༤༡༧༦

འདས་གྲོངས་སུ་གྱུར་པ་ ༤༣

འཛམ་གླིང་རྒྱལ་ཁབ་ཡུལ་གྲུ་ཁག་གཞན་ནང་གི་གནས་སྟངས། ༼༢༠༢༠ ཟླ་ ༣ ཚེས་ ༢༠ ཞོགས་པ་ཕྱག་ཚོད་ ༦།༣༠ གཞིར་བཟུང་།༽

ཏོག་དབྱིབས་ནད་དུག་འཛམ་གླིང་ཡུལ་གྲུ་ཁག་ ༡༥༠ ནང་ཁྱབ་ཟིན་པའི་གནས་ཚུལ་ཐོན་ཡོད།

ཨི་ཊ་ལིའི་ནང་ནད་འགོད་ཟིན་པ་སྐྱེ་བོ་གྲངས་ ༤༡༠༠༠

འདས་གྲོངས་སུ་གྱུར་པ་གྲངས་ ༣༤༠༥

འཛམ་གླིང་ཁྱོན་ཡོངས་སུ་ནད་འགོད་བྱུང་བ་སྐྱེ་བོ་ ༢༤༤༠༠༠

འདས་གྲོངས་སུ་གྱུར་པ་གྲངས་ ༡༠༠༣༠

 

གལ་གནད་ཆེས་མཐོ་བ་ནི། མི་མང་གི་འཕྲོད་བསྟེན་ཡིན།

སུད་སིའི་སྲིད་གཞུང་སྣེ་མོ་བ་རྣམས་ཀྱི་གལ་གནད་ཆེ་ཤོས་དེ་ནི། མི་མང་གི་འཕྲོད་བསྟེན་གནས་སྟངས་གང་ལེགས་གནས་རྒྱུར་ངོས་ཟིན་ཏེ། སྤྱིར་མི་མང་རྣམས་ཏོག་དབྱིབས་ནད་དུག་ལས་འགོག་ཐབས་དང་། ལྷག་པར་དུ་ནད་དུག་དེ་བཞིན་འགོད་སླ་བ་དང་ནད་གཞི་ལྕི་རུ་འགྱུར་རྒྱུའི་ཉེན་ཁ་ཡོད་པའི་སྐྱེ་བོ་རྣམས་ལ་དམིགས་བསལ་དོ་གཟབ་གནང་གལ་ཆེ། དམིགས་ཡུལ་དེ་ལྟར་འགྲུབ་རྒྱུར་དབུས་གཞུང་ནས་བཀོད་ཁྱབ་སྔ་ཕྱིས་སྤེལ་བ་གཞིར་བཟུང་སྐྱེ་བོ་ཚང་མས་ལག་བསྟར་གནང་དགོས།

དོ་གལ་གནང་དགོས་པ་ཁག་ནི།

མི་དང་འབྲེལ་ཐག་འཇོག་པ། དཔེར་ན། མི་སྣ་བགྲེས་པ་རྣམས་དང་ཐུག་འཕྲད་བྱུང་སྐབས་རྒྱང་ཐག་འཇོག་པ། དེ་བཞིན་རུ་བསྒྲིགས་ཙོག་བུར་སྡོད་སྐབས་གཞན་གྱི་ཉེ་འཁྲིས་སུ་སྡོད་མི་རིགས། ཚོགས་འདུའམ་རྐུབ་སྟེག་ཐོག་སྡོད་སྐབས་མཉམ་གཤིབས་སྡོད་མི་རུང་སྟེ་རྒྱང་ཐག་ངེས་ཅན་འཇོག་དགོས།

རང་ཉིད་ལག་པ་ཡང་ནས་ཡང་དུ་གཙང་མར་འཁྲུ་བ།

ཕན་ཚུན་ཐུག་འཕྲད་སྐབས་ལག་པ་གཏོང་རེས་མི་བྱེད།

གློ་རྒྱག་པ་དང་ཧབ་སྦྲིད་བྱུང་བའི་སྐབས་ཤོག་བུའི་སྣབས་ཕྱིས་བེད་སྤྱོད་གནང་བའམ། རང་ཉིད་ཀྱི་གྲུ་མོས་སྣ་ཁ་བཏུམ་དགོས།

ཚ་བའམ། གློ་བའི་ནད་གཞི་བྱུང་སྐབས་རང་མལ་དུ་བསྡད་དགོས།

སྨན་བཅོས་སླད་ཐོག་མར་ཁ་པར་ཐོག་འབྲེལ་གཏུགས་བྱུང་རྗེས་སྨན་པ་བསྟེན་པའམ། ཛ་དྲག་སྨན་ཁང་དུ་བསྐྱོད་པ།

དགུང་ལོ་ ༦༥ རྒལ་བའི་སྐྱེ་བོ་བགྲེས་པ་རྣམས་དང་། ནད་གཞི་ལྕི་བོའི་མནར་བའི་སྐྱེ་བོ་རྣམས་ལ་དམིགས་བསལ་བརྒྱུད་བསྐུལ་ཁག་ཅིག

གལ་ཏེ་རང་ཉིད་དགུང་ལོ་ ༦༥ རྒལ་བའམ། ཡང་ན་ནད་རིགས་ཁྲག་ཤེད་དམ། གཅིན་སྙིའམ་ཀ་རའི་ནད། སྙིང་གི་ནད་གཞི། གློ་བའམ་དབུགས་གསོག་པའི་ན་ཚ། ལུས་ཁམས་གཟུངས་ཟད་ཅན། སྤྲན་ནད་བཅས་ནད་གཞི་དེ་དག་གང་རུང་ལས་མནར་པའི་སྐྱེ་བོ་རྣམས་ལ་དམིགས་བསལ་བརྒྱུད་བསྐུལ་ཁག་ཅིག

ངེས་པར་དུ་ཁང་ཁྱིམ་དུ་བསྡད་དགོས།

སྤྱི་སྤྱོད་རླང་འཁོར་དུ་འགྲུལ་བསྐྱོད་གནང་མི་རིགས།

རང་མཁོ་ཡོ་ཆས་ཉོ་སྒྲུབ་ཆེད་མི་གཞན་ལ་མངགས་པའམ། ཚོང་ཁང་དུ་མི་ཚོགས་ཉུང་བའི་སྐབས་སུ་བསྐྱོད་པ།

ཕྱི་མི་ཐུག་འཕྲད་གནང་མི་རིགས།

རང་ཉིད་སྒེར་གྱི་དོན་དང་སྤྱིའི་དོན་གཉེར་ཇི་ཡོད་ཁ་པར་དང་དྲ་ལམ་བརྒྱུད་འབྲེལ་བ་གནང་དགོས།

རྒན་གསོ་ཁང་དང་། སྨན་ཁང་སོགས་ལ་གཉེན་ཉེ་ཐུག་འཕྲད་གང་ཉུང་གནང་ན་ལེགས།

ནད་གཞི་ཡོད་པའི་སྐྱེ་བོ་དང་ཐུག་འཕྲད་གནང་མི་རིགས།

རང་ཉིད་དབུགས་གསོག་གི་གནས་སྟངས་བྱུང་བའམ། གློ་རྒྱག་པ། ཡང་ན་ཚད་ནད་བྱུང་ཚེ་ཁང་ཁྱིམ་དུ་གནས་ཏེ་རང་ཉིད་ཀྱི་སྨན་པའམ། སྨན་ཁང་ལ་ཐད་ཀར་ཁ་པར་ཐོག་འབྲེལ་བ་གནང་སྟེ་རང་ཉིད་ཀྱི་ནད་རྟགས་ཇི་བྱུང་གསལ་པོར་གསུང་དགོས།།

 

གོང་འཁོད་གནད་དོན་རྣམས་ནི་སུད་སིའི་དབུས་གཞུང་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་གཞུང་འབྲེལ་དྲ་རྒྱ་ www.bag.admin.ch བཀོད་བསྒྲིགས་གནང་བར་ཇི་འཁོད་བོད་བསྒྱུར་ཞུས་པ་ཞིག་ཡིན།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།