སུད་སིའི་ནང་བཟའ་བཅའ་མི་འདང་བའི་དཀའ་ངལ་ཡོང་སྲིད་དམ།
ནད་ཡམས་ཀྱི་དབང་གིས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་དང་། ཡུ་རོབ་གྱི་རྒྱལ་ཁབ་མང་པོས་རྒྱལ་མཚམས་ཀྱི་འགྲོ་འོང་བཀག་སྡོམ་བྱས་པ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་ནང་རྒྱལ་ཀྱི་འགྲོ་འོང་ཡང་བཀག་སྡོམ་བྱེད་བཞིན་པའི་སྐབས་འདིར། མི་མང་ལ་སེམས་ཁྲལ་ཆེ་ཤོས་ཤིག་ཡོང་བཞིན་པ་ནི་ཟས་རིགས་རྫོགས་འགྲོ་བའི་ཞེད་སྣང་དེ་རེད། དེར་བརྟེན་ཉེ་བའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ནང་གྲོ་ཞིབ་དང་། གཙང་ཤོག་སོགས་མི་རག་པའི་དཀའ་ངལ་འཕྲད་བཞིན་པ་མ་ཟད། བཟའ་བཅའ་ཚོང་ཁང་ཁག་ཅིག་གི་ནང་ཟས་རིགས་ཉོ་མཁན་མང་དྲག་སྟེ། སྡེབས་ཚོང་ཁག་མང་པོ་སྟོང་བ་ཆགས་འདུག་པའི་པར་དང་བརྙན་སོགས་དྲ་ལམ་དུ་སྤེལ་བ་ལ་བརྟེན་ནས། མི་མང་གིས་བཟའ་བཅའ་རག་མི་ཡོང་བའི་སེམས་ཁྲལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
དེར་བརྟེན་སུད་སི་གཞུང་གི་དཔལ་འབྱོར་མཁོ་སྤྲོད་ལས་ཁུངས( BWL) ཀྱི་འགན་འཛིན་སྐུ་ཞབས་ཝའེ་ནར་མའེ་ཡར་ (Werner Meier) ལགས་ཀྱིས་མི་མང་ལ་གསལ་བཤད་གནང་དོན། ཁོང་གིས་སུད་སིའི་སིལ་ཚོང་མཉམ་འབྲེལ་(SwissRetail Federomon)གྱི་ཕྱི་འབྲེལ་ཐད་བཀའ་མངའ་གནང་སྟེ། སུད་སི་མི་མང་གི་ཉིན་རེའི་འཚོ་བའི་དགོས་མཁོ་ཟས་རིགས་དང་། གཅེས་ཉར་སེམས་ཅན་གྱི་མཁོ་རྫས་དང་མཁོ་རྫས་གཞན་དག་དཀོན་པོ་མི་ཡོང་བའི་འགན་ལེན་བྱས་ཡོད་སྐོར་གསལ་བཤད་གནང་སོང་ལ། ད་ལྟ་མི་མང་གིས་བཟའ་བཅའ་རྫོགས་འགྲོ་བའི་ཞེད་སྣང་གི་དབང་གིས། མི་མང་འཚོང་ཁ་ཤིག་ཤིག་གིས་བཟའ་བཅའ་དང་འཚོ་བའི་དགོས་མཁོ་ཉོ་བཞིན་པ་ཡིན་སྟབས། ཚོང་ཁང་ཆེ་ཁག་མང་པོས་ཉིན་ལྟར་ཚོང་ཟོག་དབོར་འདྲེན་གྱི་གྲངས་འབོར་སྔར་ལས་མང་དུ་གཏོང་དགོས་ཁེལ་གྱི་ཡོད་ཅིང་། ཚོང་ཟོག་དབོར་འདྲེན་བྱེད་མཁན་རྣམས་ཀྱིས་ཉིན་མཚན་མེད་པར་ལས་ཀ་འཕར་མ་ལས་དགོས་ཁེལ་གྱི་ཡོད། ཅེས་འགྲེལ་བཤད་གནང་འདུག
ལྷག་པར་དུ་ད་ཆ་མི་མང་པོས་ཉིན་རེའི་ཞལ་ལག་རང་ཁྱིམ་དུ་ཟ་གི་ཡོད་ཅིང་། ཁ་ཤས་ཀྱིས་བཟའ་བཅའ་གསོག་འཇོག་མང་པོ་བྱས་ཏེ་ཕྱི་ལོག་ལ་ཡང་ཡང་འགྲོ་མི་དགོས་པ་བྱེད་ཀྱིན་ཡོད་སྟབས། སུད་སིའི་ནང་གི་སིལ་ཚོང་ཁང་ཆེ་གྲས་Migros ཡི་མཛོད་ཁང་ནང་དུ་ཅ་དངོས་དབོར་འདྲེན་བྱེད་པའི་གྲངས་འབོར་ལྡབ་གཉིས་ལས་མང་དུ་གཏོང་དགོས་ཁེལ་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག འོན་ཀྱང་Migrosཡི་སྤྱི་གཉེར་Thomas Gasser ལགས་ཀྱིས་བརྗོད་ན། ང་ཚོས་མི་མང་གི་མངོན་ལྟར་བཟའ་བཅའ་འདང་ངེས་མཁོ་འདོན་བྱ་རྒྱུ་ནི་དཀའ་ལས་ཁག་པོ་གང་ཡང་མིན་མ་ཟད། མི་མང་སྔངས་འཚབ་ཀྱི་དབང་གིས་ཅ་དངོས་ཉོ་མཁན་ག་ཚོད་མང་ཡང་། ང་ཚོས་ཐབས་ཤེས་གང་ཡོད་ཀྱིས་དབོར་འདྲེན་བྱེད་ཐབས་བྱ་ངེས། ཞེས་དང་། ང་ཚོས་ཚོང་ཁང་གི་མཛོད་ཁང་ཨ་མའི་ནང་ས་མཚམས་ཁག་ནས་ཡོང་བའི་བཟའ་བཅའི་གྲངས་འབོར་ལྡབས་གཉིས་ནས་གསུམ་མང་དུ་བཏང་ཡོད་སྐོར་བཤད།
སུད་སིའི་གཞུང་གི་དཔལ་འབྱོར་མཁོ་སྤྲོད་ལས་ཁང་གི་ངོས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། སུད་སིའི་ནང་གྲོ་ཞིབ་དང་། འབྲས། མངར་མོ། སྣུམ་སོགས་གསོག་འཇོག་བྱས་ཡོད་ཅིང་། སུད་སིའི་ནང་ཉེན་ཁ་ཅི་ཞིག་ཕྲད་ཀྱང་མི་མང་གི་འཚོ་བའི་ཅ་དངོས་ཟླ་གསུམ་ནས་ལོ་ཕྱེད་ཙམ་རིང་འདང་ངེས་གོ་སྒྲིག་བྱ་ཐུབ་དགོས་པ་ནི་སུད་སིའི་དཔལ་འབྱོར་མཁོ་སྤྲོད་ཀྱི་ཁྲིམས་དོན་ཡིན་སྟབས། དེ་ལྟར་མི་མང་གི་འཚོ་བའི་དངོས་ཟོག་མཁོ་སྒྲུབ་བྱ་ཐུབ་པའི་ཁས་ལེན་བྱ་ཐུབ་སྐོར་བཀོད་འདུག་
སྤྱིར་སུད་སིའི་བཟའ་བཅའི་ཐོན་ཁུངས་ལ་བལྟས་ནས་བཤད་ན། སུད་སི་ནི་བཟའ་བཅའ་ཡོངས་རྫོགས་རང་མགོ་རང་ཐོན་བྱེད་ཐུབ་པའི་རྒྱལ་ཁབ་ཅིག་མིན་པ་མ་ཟད། བརྒྱ་ཆའི་༦o ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱ་དགོས་ཀྱི་ཡོད་ནའང་། མི་འབོར་ས་ཡ་༨ དང་ཕྱེད་ལྷག་གི་བཟའ་བཅའི་དགོས་མཁོ་ནི་ཅིས་ཀྱང་སྐོང་ཐུབ་ཀྱི་ཡོད་སྐོར་བརྗོད་ཀྱིན་འདུག དཔེར་ན་སུད་སིའི་སྔོ་ཚལ་དང་ཤིང་ཏོག་རིགས་ནི། ད་ལྟ་ཡུ་རོབ་ནང་ཏོག་དབྱིབས་ནད་ནད་ཡམས་ཤུགས་ཆེར་འཕེལ་བཞིན་པའི་རྒྱལ་ཁབ་སི་པེན་དང་། ཨེ་ཊ་ལི་ནས་ནང་འདྲེན་བྱེད་དགོས་ཀྱིན་ཡོད་སྟབས། སུད་སི་མི་མང་གིས་ཤིང་ཏོག་དང་སྔོ་ཚལ་གྱིས་མི་འདང་བའི་དཀའ་ངལ་འཕྲད་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་མོད། སུད་སིའི་འབྲས་དང་སྔོ་ཚལ་ཚོང་དོན་མཐུན་ཚོགས (Swisscofel ) ཀྱིས་ངོས་ནས། ཉེ་ལམ་སི་པེན་དང་ཨི་ཊ་ལི་སོགས་ནས་སྔོ་ཚལ་དང་ཤིང་ཏོག་རིགས་ནང་འདྲེན་བྱ་རྒྱུའི་ཐད་ཤུགས་རྐྱེན་མེད་སྐོར་དང་། གློ་བུར་དུ་ཚོང་ཟོག་མང་པོ་དབོར་འདྲེན་དགོས་སྟབས། རླངས་འཁོར་ཆེན་པོ་མང་པོ་གོ་སྒྲིག་བྱ་མ་ཐུབ་པ་དང་། དེར་ལས་ཀ་བྱེད་མཁན་མི་ཡིས་མ་འདང་བ། ས་མཚམས་ཁག་ནས་ཡུན་རིང་སྒུག་དགོས་ཁེལ་བ་སོགས་ཀྱི་དཀའ་ངལ་ཆུང་ཚག་རིགས་ལས། སྤྱིར་སྔོ་ཚལ་དང་ཤིང་ཏོག་རིགས་ནང་འདྲེན་བྱ་རྒྱུའི་འབྲེལ་ལམ་ཐད་ཤུགས་རྐྱེན་ལྷག་མ་གང་ཡང་ཐོན་མེད་སྐོར་བརྗོད་འདུག
སུད་སི་གཞུང་གི་དཔལ་འབྱོར་མཁོ་སྤྲོད་ལས་ཁང་གི་དྲ་རྒྱའི་ཐོག་གཞུང་འབྲེལ་གསལ་བཤད་ཅིག་སྤེལ་བའི་ནང་། ནད་ཡམས་གསར་པ་སླེབས་ཀྱང་ཕྱི་རྒྱལ་ཁག་ནས་ཐོན་སྐྱེད་དང་རྒྱུན་སྤྱོད་ཚོང་ཟོག་ནང་འདྲེན་བྱ་རྒྱུར་སྔར་བཞིན་ཡིན་པའི་འགན་ལེན་ཐུབ་སྐོར་བཀོད་འདུག་པ་མ་ཟད། ཨེ་ཤེ་ཡའི་(Asia) རྒྱལ་ཁབ་ཁག་གི་ཚོང་ཟོག་ནང་འདྲེན་ཉུང་དུ་ཕྱིན་ཀྱང་། ཡོ་རོབ་ཁུལ་ཀྱི་ཚོང་ཟོག་ནང་འདྲེན་དབོར་ཚད་མང་དུ་ཕྱིན་ཡོད་པས། མེ་འཁོར་དང་གཞུང་ལམ་སོགས་ཀྱི་ཐད་ལའང་དོ་ཕོག་དེ་ཙམ་འབྱུང་གི་མེད་སྐོར་བརྗོད་འདུག
འོན་ཀྱང་མི་མང་ལ་སེམས་ཁྲལ་གཞན་ཞིག་ཡོད་པ་ནི། ཕྱི་རྒྱལ་ཁག་དང་། ལྷག་པར་དུ་ཨི་ཊ་ལི་དང་སི་པེན་སོགས་ནས་ནང་འདྲེན་བྱས་པའི་ཟས་རིགས་དང་ཚོང་ཟོག་བརྒྱུད་ནད་དུག་མི་ལ་འགོས་སྲིད་མིན་དེ་རེད། དེ་བས་ནང་འདྲེན་བྱས་པའི་དངོས་ཟོག་སྟེང་ཏོག་དབྱིབས་ནད་དུག་འགོས་ཡོད་ཚེ་ཇི་ལྟར་བྱ་དགོས་མིན་ཐད་དྲ་ལམ་དང་གསར་ལམ་ཁག་ནས་དྲི་བ་དང་དོགས་པ་མང་པོ་ཡོང་བཞིན་པའི་ཐད། སུད་སི་གཞུང་འཕྲོད་བསྟེན་སྡེ་ཚན་གྱི་དྲ་རྒྱའི་སྟེང་གསལ་བཤད་ཐུང་ཐུང་ཞིག་སྤེལ་བའི་ནང་། ད་སྔ་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པའི་ཚོང་ཟོག་གམ། ཟས་རིགས་སོགས་ཀྱི་ཐོག་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་བྱུང་མེད། གལ་སྲིད་སུ་ཞིག་དེར་སེམས་ཁྲལ་ཡོད་ཚེ། ཟས་རིགས་དང་ཚོང་ཟོག་དེ་དག་གཙང་མ་བཟོ་རྒྱུ་དང་། དུག་སེལ་ཆེད་ཚ་བོ་བཟོ་རྒྱུ། ཡང་ན་ཟས་རིགས་དེ་ལམ་སང་བེད་སྤྱོད་མི་གཏོང་བར་ཆུ་ཚོད་༨ ནས་༡༢ བར་ཕྱི་ལོགས་སུ་འཇོག་པ་སོགས་བྱས་ན་ཕན་སྐོར་བརྗོད་འདུག
གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།