སུད་སིར་སུམ་དུས་ང་བདུན་པ་སྲུང་བརྩི།
དེ་རིང་ཕྱི་ཚེས་༡༠ ཉིན་སུད་སིར་མི་མང་སྟོང་ཕྲག་གཉིས་མ་ཟིན་ཙམ་འདུ་འཛོམས་ཐོག་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ང་བཅུ་ང་བདུན་པ་སྲུང་བརྩི་གནང་ཡོད་འདུག
གོང་ཚེས་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག སུད་སིའི་རྒྱལ་ས་སྦརན་གྱི་གྲོངས་ཁྱེར་དཀྱིལ་དབུས་སུ་གསུམ་བཅུའི་དུས་དྲན་ཐེངས་ང་བདུན་པ་དེ་ཆུ་ཚོད་༡༡་༣༠ ནས་དགོང་དྲོའི་ཆུ་ཚོད་༡༤་༠༠ བར་སྲུང་བརྩི་དང་། དུས་དྲན་ཐོག་རི་ཁོན་མཁན་རིན་པོ་ཆེ་གཙོས་དགེ་འདུན་པ་རྣམས་དང་། ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་གཙོས་གཞན་ཡུ་རོབ་སྤྱི་ཟུར་ཁག་ཅིག སུད་སི་དང་ལིཀ་ཏེན་སིཊཡན་བོད་མི་མང་གི་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་ས་གནས་འཐུས་མི་རྣམ་པ། སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཁི་སྒྲིག་རེ་ཁི་ཝེར་མོ་ཏི Cedric Wehrmut ལགས་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བའི་སྐུ་ཚབ་ཝང་ལོང་མིང་། སུད་བོད་མཛའ་འབྲེལ་ཚོགས་པ་དང་། དེ་བཞིན་ས་གནས་བུ་མེད་ཚོགས་པ། ཡུ་རོབ་གཞོན་ནུའི་མཐུན་ཚོགས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་ཀྱིས་གཙོས་ས་གནས་བོད་མི་ཉིས་སྟོང་མ་ཟིན་ཙམ་འདུ་འཛོམས་གནང་སྟེ་གསུམ་བཅུའི་དུས་དྲན་ཐེངས་ང་བདུན་པ་དེ་སྲུང་བརྩི་གནང་ཡོད་འདུག
ཐོག་མར་བོད་རིགས་མི་མང་གི་ཟློས་གར་ཚོགས་པའི་དབུ་འཁྲིད་དེ་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་གུས་བཀུར་སྐར་མ་གཅིག་ཞུས།
སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་གསུམ་དུས་ཐེངས་ང་བདུན་པའི་བཀའ་ཤག་གི་གསུང་འཕྲིན་བསྒྲོགས་སྦྱངས་དང་འབྲེལ་གསུམ་དུས་ང་བདུན་པ་འདི་བཞིན་སྲུང་བརྩི་གོ་སྒྲིག་གནང་དོན་དང་འབྲེལ་བའི་བཀའ་སློབ་གནང་དོན། གསུམ་བཅུའི་དུས་དྲན་ནི་སྤྱི་ལོ་༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་སྒེར་ལངས་བྱུང་བའི་ཉིན་མོ་ཡིན། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྡུག་རྩུབ་འོག་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། འབུམ་ཕྲག་མང་པོ་བཙོན་འོག་ཏུ་བཅུག་པ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་བཏང་བ་བཅས་ནི་ང་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་པ་ཡིན། དེ་རིང་བོད་བསྟན་སྲིད་ཀྱི་ཆེད་སྐུ་ལུས་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ཀྱི་གཙོས་བོད་མི་འབུམ་ཕྲག་མང་པོས་ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་དང་རྗེས་དྲན་ཞུ་དགོས་ཀྱི་ཡོད་པ་རེད། ཅེས་དང་། མ་འོངས་པར་བོད་པ་ཚང་མའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དང་གཟི་བརྗིད་ཆེ་རུ་གཏོང་སླད་མི་མང་གིས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་དང་། རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་ཡང་ཁ་ནས་བཤད་བསྡད་པ་ཙམ་མ་ཡིན་པར་སོ་སོས་སྤྱི་བའི་དོན་དག་ག་རེ་བྱས་པ་ཡིན་ནའང་ལྷག་བསམ་རྣམ་དག་ཅིག་དང་། སོ་སོའི་སྒེར་དོན་དང་འབྲེལ་བ་ཡོད་དང་མེད་ལ་བསམ་བློ་གཏོང་བའི་ཐོག་ནས། སྒེར་དོན་མི་གཙོ་སྤྱི་དོན་གཙོ་བོར་འཛིན་པ་དང་། ཆོལ་ཁ་མི་གཙོ་མི་རིགས་གཙོ་བོ་འཛིན་པ་ཞིག་གི་ཐོག་ནས་ཡོང་དགོས་པ་དེ་ཡིན། ཞེས་སོགས་གསུང་། དེ་རྗེས་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གསུམ་དུས་གསུང་འཕྲིན་བསྒྲོགས་སྦྱངས་གནང་བ་དང་འབྲེལ་བའི་བཀའ་སློབ་དང་། སུད་སི་གྲོས་ཚོགས་འཐུས་མིའི་བཀའ་སློབ། གཞན་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་སྐུ་ཚབ་གྱི་གསུང་བཤད། དེ་བཞིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་དང་། ཡུ་རོབ་གཞོན་ནུའི་མཐུན་ཚོགས། ས་གནས་བུད་མེད་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱི་རིམ་བཞིན་གསུམ་དུས་དང་འབྲེལ་བའི་གསུང་བཤད་གནང་། སུད་སི་མིང་ཟློས་གར་གྱིས་སུམ་དུས་སྒེར་ལངས་ཉིན་མོའི་མི་མང་ལངས་གླུ་སོགས་མཛད་རིམ་སྣ་མང་གྲུབ་རྗེས། མི་མང་ཚོགས་གཞོན་མཆོག་ནས་མཇུག་སྒྲིལ་གསུང་བཤད་དང་བཅས་ལས་འགུལ་མཇུག་སྒྲིལ་གནང་སོང་།
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།