སུད་སིར་ ༡༩༨༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་བཀའ་དྲིན་བསྩལ་བས་རྗེས་དྲན་མཆོད་འབུལ།
༄༅། བོད་རྒྱལ་ལོ་ ༢༡༤༢ ཆུ་སྟོད་ཟླ་བའི་ཚེས་ ༡༣ དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས་ཉིན་རི་ཀོན་ཆོས་འཁོར་དགོན་དུ་ས་གནས་མི་མང་གི་གོ་སྒྲིག་འོག་ཕྱི་ལོ་ ༡༩༨༥ ལོར་སུད་སི་ས་གནས་རི་ཀོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༡༠ པ་བསྩལ་བས་བཀྲིན་རྗེས་དྲན་གྱི་མཆོད་འབུལ་ཞུས་པ་རེད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ་དང། སྤྱི་ཟུར་རྣམ་པ། མི་མང་གི་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་དབུས་མི་མང་གྲངས་ ༥༠ ལྷག་ཙམ་མཉམ་ཞུགས་ཐོག་མཆོད་འབུལ་དབུ་འཛུགས་ཀྱིས་ཐོག་མར་མི་མང་ཚོགས་གཞོན་མཆོག་ནས་ལས་རིམ་དབུ་འབྱེད་ཀྱིས་ཚང་མར་གུས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་ ༡༩༨༦ ནས་ད་བར་ལོ་ལྟར་རི་ཀོན་དགོན་པར་དུས་དབང་གི་དྲན་རྟེན་མཆོད་འབུལ་ཞུ་དགོས་པའི་དོན་གནད་དང་དེའི་ཆེད་དུ་འགྲོ་གྲོན་གཏོང་རྒྱུ་ཕྱག་དངུལ་ལྷག་འཕྲོས་ཇི་ཡོད་སྐོར་བཅས་ གནས་ཚུལ་ཞིབ་ཕྲ་མང་ཚོགས་ལ་སྙན་སེང་རྒྱས་པར་ཞུས།
གསོལ་ཇའི་བར་སེང་དང་སྟབས་བསྟུན་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་དུས་དབང་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་འགྲེལ་བཤད་བཀའ་སློབ་དང། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་དབུས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་བསྔོ་སྨོན་དང་ཆབས་ཅིག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༤༡ སྐོར་ནས་བོད་བསྟན་པ་ཆབ་སྲིད་དང་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་སྐུ་ལུས་མེར་བསྲེག་བཏང་གནང་མཁན་རྣམས་ཀྱི་ཆེད་དུ་ཚང་མས་ཐུགས་སྨོན་ཡག་པོ་གནང་དགོས་པའི་བརྒྱུད་བསྐུལ་བཀའ་སློབ་གནང་རྗེས་མུ་མཐུད་ཞལ་འདོན་སྨོན་ལམ་གསུང། དེ་ནས་མི་མང་ཚོགས་གཞོན་མཆོག་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་གྲུབ་མཚམས་ཕྱག་ཚོད་ ༡༡།༠༠ ཐོག་མཆོད་འབུལ་གྱི་ལས་རིམ་མཇུག་སྒྲིལ་བ་བཅས་ཀྱི་གནས་བསྡུས་སུ། བསམ་པ་དོན་གྲུབ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།