སོ་ལོ་ཐོན་ཚོགས་ཆུང་གི་ཟླ་རེའི་བོད་དོན་ཆེད་ཞབས་རིམ།

ཕྱི་ལོ༢༠༡༣ལོའི་ཟླ་༥ ཚེས༡༩ཉིན་སུད་སི་ས་གནས་སོ་ལོ་ཐོན་ས་གནས་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་མི་མང་ལྔ་བཅུ་ལྷག་མཉམ་འཛོམས་ཀྱིས་ས་ག་ཟླ་བའི་ཚེས་དགུ་ཉིན་དང་སྟབས་བསྟུན་ཞལ་འདོན་དང་བསྔོ་སྨོན་རྒྱས་པ་ཞིག་འཚོགས་ཡོད་འདུག

སོ་ལོ་ཐོན་ས་གནས་ཚོགས་ཆུང་གི་འཐུས་མི་ཚ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་ངོ་སྤྲོད་གནང་དོན། གོང་ཚེས་ས་ག་ཟླ་བའི་ཉིན་ས་གནས་མི་མང་རྣམས་ཀྱིས་བོད་ཀྱི་རྩ་དོན་སྤྱི་དང་། ལྷག་དོན་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་ཡོངས་སུ་གཏོང་མཁན་རྒྱལ་གཅེས་དཔའ་བོ་མོ་རྣམས་ཀྱི་འཆི་ཁའི་ཁ་ཆེམས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་བཞེད་དགོངས་ལྷུན་གྲུབ་ཡོང་བ། མཐོ་སྒང་བོད་ཀྱི་དཀའ་སྡུག་གི་བདེན་མཐའ་མྱུར་ཏུ་གསལ་བའི་ཆེད་དུ་ཞབས་རིམ་བསགས་བསྒྲུབ་གནང་བ་བཅས་ཡིན། ཞེས་གསུངས་སོང་།

ཉིན་དེར་ས་གནས་མི་མང་གི་བསམ་ཚུལ་བསྡུ་ལེན་བརྒྱུད་ས་གནས་ཚོགས་ཆུང་གི་སྒྲིག་གཞི་བསྐྱར་བཅོས་གནང་བ་དང་། ས་གནས་ཚོགས་ཆུང་འདིས་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་རྩ་བའི་སྒྲིག་གཞི་གཞིར་བཟུང་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྱབ་ལག་ལེན་དོན་འཁྱོལ་ཆེད་རྒྱབ་སྣོན་མུ་མཐུད་ཡོང་བའི་སྒྲིག་གཞི་ཟུར་སྣོན་བཅས་གནང་ཡོད་འདུག་ལ། དེ་བཞིན་ས་གནས་ཚོགས་ཆུང་གི་མི་མང་རྣམས་ཟླ་རེར་ཐེངས་རེ་མཉམ་འཛོམས་ཐོག་བོད་བསྟན་སྲིད་ཆེད་ཞལ་རིམ་བསྔོ་སྨོན་གནང་བ་དང་། ཚོགས་ཆུང་གི་ལས་དོན་བཅས་ཀྱི་ཆེད་དུ་གྲོས་བསྡུར་གནང་སྲོལ་ཡོད་པ་ཞིག་ཡིན་འདུག ཚོགས་ཆུང་འདིར་ད་སྐབས་བོད་རིགས་བརྒྱ་དང་སུམ་ཅུ་ལྷག་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།