སྒྱུ་རྩལ་བ་གྲགས་ཅན་ཨའེ་ཝེ་ཝེ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ།

སྒྱུ་རྩལ་བ་ཁོང་ནི་ཨོ་ལིན་རྩེད་འགྲན་གྱི་༼བྱེའུ་ཚང༽ལུས་རྩལ་ཁང་ཧྲིལ་བོའི་འཛུགས་སྐྲུན་གྱི་འཆར་འགོད་པ་གཅིག་པུ་དེ་ཡིན་ལ། རྒྱ་ནག་གི་དེང་རབས་སྒྱུ་རྩལ་བ་ཆེས་སྙན་གྲགས་ཅན་ཞིག་ཏུ་རྩི་བཞིན་ཡོད་པ་དང༌། དགུང་ལོ་༥༣ཡིན་པའི་སྒྱུ་རྩལ་བ་ཁོང་རྒྱུ་མཚན་གང་ཡང་མ་ཤེས་པར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང༌། རེས་གཟའ་ཕུར་བའི་ཉིན་གྱི་ཞོགས་པར། རྒྱ་ནག་གི་ཤིན་ཧྭ་གསར་ཁང་ནས་དབྱིན་ཡིག་གི་ཐོག་ནས་གསར་འགྱུར་ཐུང་ངུ་ཞིག་བཏང་ཡོད་པའི་ནང་དུ། དཔལ་འབྱོར་ཐད་ཁྲིམས་འགལ་བྱས་ཡོད་པའི་དོགས་གཞིའི་འོག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བརྗོད་ཡོད་ལ། དེ་ནི་ཁོང་འཛིན་བཟུང་བྱས་རྗེས་ཀྱི་གནས་ཚུལ་ཐོག་མ་དེ་ཆགས་ཡོད་པ་རེད།

ཉེ་བའི་ཟླ་ཤས་ཀྱི་ནང་དུ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་བཅུ་ཕྲག་འགའ་འཛིན་བཟུང་དང་བཟང་བཙོན་དུ་བཅུག་ཡོད་ཀྱང༌། ཁོ་ཚོའི་ནང་དུ་སྒྱུ་རྩལ་བ་ཨའེ་ཝེ་ཝེ་ལྟ་བུའི་ཡོངས་ཁྱབ་ཀྱིས་རྒྱ་ནག་གི་གནད་དོན་ལ་སྐྱོན་བརྗོད་བྱེད་ཐུབ་མཁན་མེད་པ་དང༌། ཁོང་གིས་ཁྲུའུ་ཁྲུར་སོགས་སྤྱི་ཚོགས་ཐོག་ཁྱབ་རྒྱ་ཆེ་བའི་དྲ་ལམ་ཁག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་བདག་དབང་སོགས་རྒྱ་གཞུང་གི་གནད་དོན་མང་པོ་ཞིག་ལ་ཟུར་ཟ་དང་སྐྱོན་བརྗོད་བྱས་ཡོད། དཔེར་ན། ཕྱི་ལོ་༢༠༠༨ལོའི་ཝིན་ཁྲན་ས་ཡོམ་ཆེན་མོའི་ཁྲོད་སློབ་ཕྲུག་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང༌། དེ་ཚོ་ཚང་མ་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་རེད།

བྷི་བྷི་སི་གསར་ཁང་གིས་འདི་ནི་རྒྱ་ནག་གིས་དཔལ་འབྱོར་གྱི་ཉེས་མིང་བཏགས་སྟེ་མི་སྣ་གྲགས་ཅན་འཛིན་བཟུང་བྱས་པ་ཐོག་མ་དེ་མིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང༌། དེ་བཞིན་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཇོན་ཧོན་ཚི་མན་ལགས་ཀྱིས་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་གཏམ་བཤད་ཅིག་སྤེལ་བའི་སྐབས་སུ། སྒྱུ་རྩལ་བ་ཨའེ་ཝེ་ཝེ་སོགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ཆབ་སྲིད་བཙོན་མ་ཚོས་མི་མང་གི་ཁེ་ཕན་གྱི་ཆེད་དུ་ག་དུས་ཡིན་ནའང་སྲིད་གཞུང་ལ་འཁྲུག་རྩོད་བྱེད་ཀྱི་ཡོད་ཅེས་བསྔགས་བརྗོད་ཆེན་པོ་གནང་ཡོད་པ་རེད།

ཨའེ་ཝེ་ཝེ་ལགས་འཛིན་བཟུང་མ་བྱས་གོང་དུ། ཐེངས་གསུམ་ལ་ཉེན་རྟོག་པ་ཡོང་ནས་ཁོང་གི་གློག་ཀླད་དང་སྒོར་མོ་སོགས་ལ་སྔོག་བཤེར་བྱས་ཡོད་ལ། ཁོང་གི་ཆུང་མ་ལོའུ་ཆིན་གྱིས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་འཛིན་བཟུང་བྱས་རྗེས་ཉེན་རྟོག་པ་༤༠ལྷག་ཁྱིམ་དུ་ཡོང་ནས་སྔོག་བཤེར་བྱས་པ་མ་ཟད། ད་ལྟའི་བར་ཁྱོ་གའི་གནས་ཚུལ་གང་ཡང་བཤད་མ་སོང་ཞེས་བརྗོད་འདུག དེ་བཞིན་ཁོང་གི་ཨ་མ་ལགས་ཀྱིས་ངས་ཁོང་གི་གནས་ཚུལ་ཞིག་གོ་ཐོིས་བྱུང་རྒྱུར་སྒུག་ནས་བསྡད་ཡོད། ཁོང་གི་བདེ་ཐང་ལ་སེམས་ཁུར་ཆེན་པོ་འདུག ཡིན་ནའང༌། ད་ལྟ་བར་དུ་གནས་ཚུལ་ཅི་ཡང་ཐོས་རྒྱུ་མི་འདུག ཨའེ་ཝེ་ལ་སྔོན་མ་ནས་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཚོར་སྣང་ཞིག་སྐྱེས་ཀྱི་འདུག་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་ཁྲིམས་རྩོད་པ་དང་བསམ་བློའི་སྣེ་ཁྲིད་པ། ཟིན་བྲིས་པ་སོགས་མི་གྲངས་༢༥ལྷག་བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བ་དང༌། མི་བཅུ་ཕྲག་ལ་སྡོད་བཟོད་མི་བདེ་བ་བཟོས་ཡོད་ལ། ཨའེ་ཝེ་ཝེ་འཛིན་བཟུང་བྱས་པར་སེམས་འཚབ་ཆེན་པོ་འདུག་ཅེས་བརྗོད་ཡོད་ལ། ཡང་ཨའེ་ཝེ་ཝེ་འཛིན་བཟུང་བྱས་པའི་ཉི་མ་དེར། ཁོང་གི་གྲོགས་པོ་དགུང་ལོ་༣༨ཡིན་པ་ཝིན་ཐའོ་ལགས་ཀྱང་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།