སྤྱི་ནོར་༸གོང་ས་༸སྐྱབས་མོགན་ཆེན་པོ་མཆོག་སུད་སི་འཇི་ནེ་ཝར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ།

༄༅།   བོད་མི་ཡོངས་ཀྱི་དབུ་ཁྲིད།  འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ལ་རྒྱ་གཞུང་ནས་སུད་སི་གྲོང་ཁྱེར་འཇི་ནེ་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་ཞུགས་མཛད་པར་སྐྱོན་བརྗོད་དང།  ཟུར་ཚོགས་དེ་ཕྱིིར་འཐེན་བྱ་དགོས་ལུགས་ཀྱི་རྒྱལ་ཚོགས་དཔོན་རིགས་ཚོར་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་མགོན་པོ་༸གང་ཉིད་དབུ་བཞུགས་ཀྱིས་ཟུར་ཚོགས་འཚོགས་གནང་ཡོད་པ་རེད།

དེ་ཡང་བོད་རྒྱལ་ལོ་   ༢༡༤༣   རབ་གནས་མེ་སྤེལ་དབོ་ཟླའི་ཚེས་  ༢  དང།   ཕྱི་ལོ་  ༢༠༡༦  ཟླ་  ༣  ཚེས་   ༡༠  རེས་གཟའ་ཕུར་བུའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་དྲོའི་ཕྱག་ཚོད་  ༧།༠༠  ཡོལ་ཙམ་ལ་སུད་སིར་གྲོང་ཁྱེར་འཇི་ནེ་བར་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས་སུ་ཨ་རིའི་གཞུང་ཚབ་དང་རྒྱ་གར་གྱི་གཞུང་ཚབ་སྐུ་གཞོན་པ།  ས་གནས་སྐུ་ཚབ་དོན་གཅོད།  དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཆེད་བཅར་གྱིས་ཕེབས་བསུ་གཟའ་རྒྱས་ཞུས་འདུག    
དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ།   ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས།  དམིགས་བསལ་སྐུ་ཚབ།  སྤྱི་ཟུར་རྣམ་པ།  སྐུ་ཚབ་དོན་གཅོད། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོའི་དབུས་ས་འཐུས་ཁག་ཅིག   གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ།  དེ་བཞིན་ས་གནས་བོད་རིགས་མི་མང་  ༡༠༠༠  མ་ཟིན་ཙམ་བཅས་ནས་དགའ་དད་སྤྲོ་གསུམ་གྱི་སྤོས་སྣེ་དང་བོད་རིགས་མི་མང་ཟློས་གར་དང།   དེ་བཞིན་ས་གནས་ཚོགས་ཆུང་ཁག་ཅིག་དང།  ཚོགས་པ་སྐྱིད་སྡུག་ཁག་བཅས་ནས་ཞབས་གཞས་རུ་ཁག་འདྲ་མིན་ནས་རྔ་གླིང་དང།   གཞས་སྣ་གླུ་གར་གྱི་མཆོད་པ་ཕུལ་བཞིན་ངང་ཚང་མས་ལག་ཏུ་མེ་ཏོག   དཀར་གཙང་མཇལ་དར་དང་མཆོད་རྫས་སྣ་ཚོགས་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས།

ཕྱི་ཚེས་  ༡༡  རེས་གཟའ་པ་སངས་ཉིན་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་དང་ཁེ་ན་ཌའི་གཞུང་ཚབ་ཐོུང་གིས་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་འཇི་ནེ་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་  ༣༡  འཚོག་བཞིན་ཡོད་པ་བསྟུན། འཇི་ནེ་ཝ་ནང་རྟེན་གཞི་བྱས་པའི་  Geneva Gratude Institude  ཞེས་པའི་བསྟི་གནས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་  Tawakkol  མཆོག་དང་ཨི་རན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་  Shirin Ebadi  མཆོག་དང།  གནད་ཡོད་མི་སྣ་ཁག་ཅིག་བཅས་ལྷན་ཞུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་ཐད་ཟུར་འཚོགས་གནང་འདུག

ད་ལན་གྱི་ཟུར་ཚོགས་དེ་བསྐོང་ཚོགས་མ་གནང་པའི་སྔ་རོལ་ཏུ་གྲོང་ཁྱེར་འཇི་ནེ་ཝར་ཡོད་པའི་རྒྱ་གཞུང་སྐུ་ཚབ་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་མི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཚོས་ཟུར་ཚོགས་དེའི་ནང་མཉམ་ཞུགས་བྱ་རྒྱུ་མེད་པ་དང།   ལྷག་དོན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་མི་རུང་བའི་ཉེན་བརྡ་བཏང་སྟེ་ངེས་པར་དུ་ཟུར་ཚོགས་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲད་ཐབྶ་གང་ཡོད་བྱས་འདུག   དེ་བཞིན་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་དང་ཚོགས་སྡེ་ཁག   ཁུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་མཚན་ཐོག་ལ་ཕུལ་བའི་ཞུ་སྙན་དེའི་ནང།    རྒྱལ་ཚོགས་ཀྱི་ཟུར་ཚོགས་དེའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་མགྲོན་གཙོར་གདན་ཞུ་གནང་པ་དེ་ནི་རྒྱ་ནག་གི་རང་དབང་དང་ཆེ་མཐོང་དེ་བཞིན་རྒྱལ་ཚོགས་ཀྱི་གཞི་རྩའི་རྩ་ཁྲིམས་དང་དངོས་འགལ་ཡིན་པ་མ་ཟད། ཁྱད་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་ཁབ་དང་ཚོགས་སྡེ་གང་ཡིན་རུང་དེའི་མིང་ཐོག་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་འཁོར་ཡོད་འདུག

རྒྱལ་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་  Ahmad Fawzi  མཆོག་གིས་རྒྱལ་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པའི་བཀའ་བསྡུར་གནང་པ་ཐོ་བཀོད་ཙམ་ལས་དངོས་སུ་ལག་བསྟར་བྱ་དགོས་པ་ཁྱབ་ཀྱི་མེད་སྐོར་གསལ་བཤད་ཀྱང་གནང་འདུག  ཡང་ཟུར་ཚོགས་ཀྱི་ཚོགས་ཡུལ་འཇི་ནེ་ཝ་བསྟི་གནས་ཁང་དེའི་འགན་འཛིན་སྐུ་ཞབས་  Philippe  Burrin  མཆོག་གིས་ཟུར་ཚོགས་དེའི་ཐོག་ཕྱོགས་གང་ས་ནས་གནོན་ཤུགས་སྤྲད་ཀྱི་ཡོད་མིན་ལ་མ་ལྟོས་པར་ཟུར་ཚོགས་དེ་ཕྱིར་འཐེན་གནང་གི་མིན་ཅེས་གསུངས་ཡོད་པ་འདུག

ཕྱི་ཚེས་  ༡༡  རེས་པ་སངས་ཉིན་ཞོགས་པ་ཕྱག་ཚོད་  ༡༠།༣༠  ཐོག་འཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་ཐང་དུ་རི་ཀོནཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ།   ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། དམིགས་བསལ་སྐུ་ཚབ།  སྤྱི་ཟུར་རྣམ་པ།  སྐུ་ཚབ་དོན་གཅོད།  སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོའི་དབུས་ས་འཐུས་རྣམ་པ།   གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ།  དེ་བཞིན་ས་གནས་བོད་རིགས་མི་མང་  ༣༨༠༠  བརྒལ་བ་མཉམ་འཛོམས་ཀྱི་ཐོག་མར་མི་མང་ཟློས་གར་ནས་འགོ་ཁྲིད་དེ་བོད་ཀྱི་རྒྱལ་གླུ་ཕུལ་བ་དང་ཆབས་ཅིག་བོད་ཀྱི་རྩ་དོན་ཆེད་དཔའ་བོ་དཔའ་མོ་འདས་གྲོངས་སུ་བསྒྱུར་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་གུས་འདུད་མཚོན་ཆེད་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས།   
དེ་རྗེས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་དེ་ཉིན་གྱི་གལ་ཆེའི་ལས་རིམ་དང་འབྱུང་རིམ་ཁག་མང་ཚོགས་ལ་ངོ་སྤྲོད་གསལ་བཤད་དང་ལྷག་དོན་ད་རེ་མི་མང་རྣམས་ཡ་རབས་བཟང་སྤྱོད་ངང་ཡུལ་ཁྲིམས་ལ་རྩིས་སྐུར་ལུགས་མཐུན་གནང་དགོས་པ་ས་གནས་འཐུས་མི་རྣམ་པ་དང་ཉེན་སྲུང་བ་རྣམ་པས་བཀའ་སློབ་ལམ་སྟོན་གང་གནང་པ་ལ་ཚང་མས་བརྩི་སྐུར་གནང་དགོས་པ་ནན་གཏན་བཀའ་སློབ་གནང།

མཁན་བླ་དགེ་འདུན་རྣམ་པའི་དབུས་མང་ཚོགས་ནས་རྒྱལ་བའི་ཞབས་བརྟན་དང་མཚན་སྔགས།  སྒྲོལ་མ་བཅས་གསུང་འདོན་ཞུས།རིམ་བཞིན་མི་མང་ཟློས་གར་ནས་བཀྲིས་ཞོལ་པ་གཙོས་གཞས་སྣ་ཁག་བཞི་དང།   ས་གནས་སྟོད་པའི་སྐྱིད་སྡུག་ནས་རྒྱལ་གཞས།  དེ་བཞིན་ས་གནས་ཆོལ་ཁ་གསུམ།  འཇི་ནེ་ཝ་ཚོགས་ཆུང།  བྷ་སལ་ཚོགས་ཆུང་དང་ཊཧོར་སྐྱིད་སྡུག་བཅས་ནས་ཞབས་གཞས་འདྲ་མིན་དང་།   གཡག་རྩེད་དང་སེང་གེ་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་འཁྲབ་སྟོན་ཞུས།

ཕྱེད་ཡོལ་ཕྱག་ཚོད་  ༣།༢༠  ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མང་ཚོགས་ཀྱི་མདུན་དུ་དབུ་གུར་ནང་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་གུས་བསུའི་འཚམས་འདྲིས་ཞུ་བ་སྦྲགས་འབྱུང་རིམ་མཛད་འཆར་ཁག་གསལ་བཤད་ཞུས།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཨ་རིར་མ་ཡོ་སྨན་ཁང་དུ་སྐུའི་འཕྲོད་བཞེས་སྨན་བཅོས་གནང་སྐབས་སུ་བོད་ཕྱི་ནང་ནས་མཆོད་འབུལ་གསོལ་འདེབས་རྒྱ་ཆེ་བྱས་འདུག་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུན་ཡིན། 
སྨན་ཁང་དུ་བཞུགས་རིང་སྨན་པ་དང་སྨན་གཡོག་བཅས་ཚང་མས་དགའ་དད་སྤྲོད་གསུམ་ངང་ཧུར་ཐག་གནང་སོང་བ་དང་ཉིན་རེའི་ཞལ་འདོན་གནང་རྒྱུ་དང་ཕྱག་དཔེ་སོགས་གཟིགས་རྒྱུ་ཙམ་ལས་དེ་མིན་ཕྱག་ལས་མེད་སྟབས་གུང་སེང་ལྟ་བུ་སྐུ་ལྷོད་ལྷོད་བྱུང།  ད་ཆ་སྐུ་གཟུགས་ཡག་པོ་ཞེ་དྲག་ཡོད་པ་སེམས་ཁྲལ་བྱེད་མི་དགོས་ཅེས་མང་ཚོགས་ལ་བློ་བདེའི་བཀའ་སློབ་གནང།   དེ་ནས་རྒྱ་ཁྲག་ཉེར་གཅིག་པའི་ཕྱི་རྒྱལ་གྱི་མཚན་རིག་དང།   དཔལ་ནཱ་ལེནྜའི་དྲི་མ་མེད་པའི་ཆོས་བརྒྱུད་ནས་དར་བའི་ནང་ཆོས་གཉིས་དེང་སྐབས་འཛམ་གླིང་ནང་སྦྱང་བཤད་གོ་བསྡུར་གནང་དུས་སེམས་ཁམས་རིག་པའི་ཤེས་བྱ་དེ་མཚན་རིག་པའི་ཡིད་སྨོན་བྱ་ཡུལ་ཞིག་ཆགས་ཡོད་སྟབས་བོད་མི་རྒན་གཞོན་ཚང་མས་ང་རང་ཚོ་ལ་ཡོད་པའི་རིན་ཐང་བྲལ་བའི་ནང་ཆོས་ལ་སློབ་སྦྱོང་ངེས་པར་དུ་བྱ་རྒྱུ་དང་དེ་དག་བདག་པོ་རྒྱབ་རྒྱུ་གལ་གནད་ཡོད་སྐོར་དུས་ཡུན་ཆུ་ཚོད་སྐར་  ༠།༣༠  ཙམ་རིང་བཀའ་སློབ་བཀའ་དྲིན་བསྩལ་རྗེས་བཞུགས་གནས་སུ་ཆིབས་ཞལ་སྒྱུར།

༼ ད་རེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇི་ནེ་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཚོགས་མགོན་དུ་ཞབས་སོར་འཁོད་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གོང་འཕེལ་གཏོང་ཐབས་སྐོར་ཚོགས་ཞུགས་པ་གལ་ཆེའི་དཔོན་རིགས་དང།གནད་ཡོད་མི་སྣ་ཁག་ལ་བཀའ་སློབ་བསྩལ་བ་ནི་ང་ཚོའི་འདས་པའི་དུས་ཚོད་ནང་བྱུང་མ་མྱོང་བའི་སྐལ་བཟང་གི་གཏམ་བཟང་ཞིག་ཡིན་པ་སྨོས་མ་དགོས་ལགས།༽
དེ་རྗེས་མི་མང་རྣམས་ནས་དད་འཚོར་ཆེན་པོའི་ངང་སྒོར་གཞས་འཁྲབ་པ་དང་ལྷ་རྒྱལ་འཐེན་པ་བཅས་དེ་ཉིན་མི་མང་ཧ་ལས་པའི་གྲངས་འབོར་ཆེ་ན་པོ་ཡོད་ཀྱང་འབྲེལ་ཡོད་མཛད་གཙོ་རྣམ་པའི་བཀའ་སློབ་ལམ་སྟོན་གཞིར་གཞགས་ཚང་མས་ཡུལ་ཁྲིམས་ལ་ཆ་འཇོག་བརྩི་འཁུར་དང་ཡ་རབས་སྤྱོད་བཟང་ངང་ལྷོད་བཞུགས་གནང་པ་ལ་ཡིད་སྨོན་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན།  མཐར་ཕྱེད་ཡོལ་ཕྱག་ཚོད་  ༤།༢༠  ཙམ་ལ་ལས་རིམ་བཀྲིས་ལེགས་སྒྲིག་ངང་སྒྲོལ་བ་བཅས་ཀྱི་གསར་གནས་སུ།གསར་འགོད་པ་བསམ་པ་དོན་གྲུབ།

 

ཕྱི་ཚེས་  ༡༢  རེས་གཟའ་སྤེན་པའི་ཉིན་ཞོག་པ་ཕྱག་ཚོད་  ༥།༣༠  ཐོག་འཇི་ནི་ཝ་བཞུགས་གནས་མགྲོན་ཁང་ནས་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་ཐོན་མ་བསྐྱངས་གོང་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ།  ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་ཟུར་རྣམ་པ།  སྐུ་ཚབ་དོན་གཅོད།   བོད་རིགས་མི་མང་ཚོགས་གཙོ་བགྲེས་གཞོན།  གཞན་ཡང་བོད་རིགས་མི་མང་བཅས་མི་གྲངས་༢༠  སྐོར་ལ་ས་གནས་སུ་བོད་རིགས་རྒན་གཞོན་ཚང་མར་གོ་བདེ་བའི་ཐོག་ནས་ནང་ཆོས་ངོ་སྤྲོད་ཡང་སེ་གོ་སྒྲིག་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་སྐོར་དམིགས་བསལ་བཀའ་སློབ་བཀའ་དྲིན་བསྩལ་རྗེས་༸སྐུ་ཁམས་གསལ་ཞིང་དགྱེས་འཚོར་ཆེན་པོའི་ངང་སྐུ་ཙབ་དོན་གཅོད་རྣམ་པ་རྒྱ་གར་གཞུང་ཚབ་སྐུ་གཞོན་ར་ཝིན་ཌར་པར་སཏ་རྗ་སིར་ཝན་མཆོག་བཅས་ཀྱི་ཕེབས་སྐྱེལ་གཟབ་རྒྱས་བཅས་རྒྱ་གར་ལ་ཆིབས་ཞལ་བསྒྱུར་བ་བཅས་ཀྱི་གནས་ཚུལ་ཕྱོགས་བསྡུས་སུ།        གསར་འགོད་པ་བསམ་པ་དོན་གྲུབ།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།