སྤྱི་ལོ་ ༢༠༡༢ ཟླ་༡༡ཚེས་༣༠ ཉིན་སུད་སི་འཛུ་རིག་ནང་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་བ།

གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་བ།

སྤྱི་ཟླ་༡༡ཚེས་༣༠ཉིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག ཡོ་རོབ་གཞོན་ནུའི་མཐུན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ། སུད་སི་ས་གནས་བུད་མེད། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་བཅས་མཉམ་ཞུགས་འོག་ཛུ་རིག་གྲོང་ཁྱེར་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་མི་མང་སྟོང་ཕྲག་གཅིག་ཙམ་མཉམ་ཞུགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། 

སྤྱི་ཚེས་༣༠ཉིན་གྱི་དགོང་དྲོའི་ཆུ་ཚོད་དྲུག་པའི་ཐོག་འཛུ་རིག་གྲོང་ཁྱེར་གྱི་ས་གནས་བྷུརུཀ་ལི་སྦི་ལཱཛ་ཐང་གཞོངས་སུ་མི་མང་མཉམ་འཛོམས་ཀྱིས་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང་། ལས་འགུལ་འགོ་བཙུགས་པའི་རྗེས་གོ་རིམ་ལྟར་སུད་བོད་མཛའ་གྲོགས་ཚོགས་པའི་སྐུ་ཚབ་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ།སུད་སིའི་ལྗང་ཁུ་ཚོགས་པའི་འཐུས་ཚབ་བཅས་ཀྱིས་གསུངས་བཤད་གནང་རྗེས། མི་མང་རྣམས་འཛུ་རིག་གྲོང་ཁྱེར་གྱི་ཁྲོམ་གཞུང་བརྒྱུད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་འགོ་འཛུགས་གནང་བ་དང་། ཐེངས་འདིའི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ནི་ད་ལྟའི་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་དང་། ༧གོང་ས་མཆོག་བོད་ནང་གདན་འདྲེན། བོད་རང་དབང་བཅས་ཀྱི་ཆེད་དུ་བོད་མི་དགུ་བཅུ་ལྷག་གིས་རང་ལུས་མེ་མཆོད་ཕུལ་ཡོད་པ་དང་། དམིགས་བསལ་ཉེ་བའི་ཉིན་ཁ་ཤས་ནང་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་ཚེ་སྲོག་བློས་བཏང་གི་རླབས་ཆེན་ལས་འགུལ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དེ་བཞིན་སྐད་ཡིག་རང་དབང་དང་འདྲ་མཉམ་བཅས་ཀྱི་ཆེད་དུ་སློབ་ཕྲུག་སྟོང་ཕྲག་གཅིག་ལྷག་གི་ཞི་རྒོལ་ལ་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་སོགས་བོད་ས་ཡོངས་རྫོགས་དམ་དྲག་སྲིད་བྱུས་འོག་གནས་ཡོད་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་མྱུར་དུ་མཚམས་འཇོག་དགོས་པའི་ཞི་རྒོལ་ལས་འགུལ་ཞིག་ཡིན་འདུག 

སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ད་ལྟའི་བར་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་དགུ་བཅུ་ལྷག་གིས་ཚེ་སྲོག་བློས་བཏང་སྟེ་ཞི་རྒོལ་གནང་བཞིན་པའི་སྐབས་འདིར། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་གཉིད་དཀྲོག་རོགས་ཞེས་ནམ་རྒྱུན་སྐད་འབོད་བྱེད་བཞིན་པ་ལྟར། ད་ལྟ་ང་ཚོས་ཁ་ཕྱིར་སློག་ནས་རང་དབང་ལུང་བར་གནས་པའི་བོད་མི་རང་ཉིད་ཚོ་གཉིད་དཀྲོག་དགོས་ཀྱི་འདུག རྒྱུ་མཚན་བོད་ནང་འདི་ལྟར་ཛ་དྲག་ཆེན་པོའི་ལས་འགུལ་སྤེལ་བཞིན་པའི་སྐབས། ང་ཚོ་རང་དབང་ལུང་བར་གནས་པའི་བོད་མི་མང་པོ་ཞིག་ད་དུང་ཚོར་བ་མེད་པའི་ངང་སྡོད་བཞིན་པ་རྣམས་ཀྱིས་ཏན་ཏན་བསམ་བློ་ཞིག་གཏོང་དགོས་པ་གལ་ཆེན་པོ་ཡིན་པ་དང་། དེ་རིང་ལས་འགུལ་འདིར་ཕེབས་མཁན་རྣམས་ལ་ཞུ་རྒྱུ་མེད་ཀྱང་། ནམ་རྒྱུན་ལས་འགུལ་ལ་ཉམས་ཞུགས་མི་བྱེད་པའི་མི་མང་རྣམས་ཀྱིས་ངེས་པར་ཏུ་ཐུགས་འགན་བཞེས་དགོས་པ་རེད། ཅེས་སོགས་གསུངས་ཡོད། 

ཆུ་ཚོད་༧་པའི་ཐོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མི་མང་གི་ཞི་བའི་རྔམ་སྟོན་སྐད་འབོད་ཤུགས་ཆེན་གནང་བ་དང་། ཡོ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་ཀྱི་འཐུས་མི་དང་། ས་གནས་བུ་མེད་ཀྱི་ཚོགས་གཙོ་བཅས་ཀྱི་རིམ་བཞིན་བསྒྲག་གཏམ་གསུང་བཤད་གནང་རྗེས། མི་མང་ཚོགས་གཙོ་མཆོག་གིས་གསར་འགོད་གསལ་བསྒྲགས་ཀྱི་དོན་གནད་ཁག་བསྒྲགས་སྦྱོང་གནང་པ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་ལ་རེ་འདོད་ཞུ་སྙན་བཅས་ཕུལ་རྗེས། ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་དགོང་དྲོའི་ཞི་རྒོལ་གྱི་ལས་འགུལ་མཇུག་སྒྲིལ་གནང་ཡོད། 

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 6 སྡོམས་རོགས།