སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མྱུར་ཏུ་གློད་གྲོལ་དགོས།

གོང་ཚེས་ཉིན་ཡུ་རོབ་ཁག་དང་། ཨ་རི། རྒྱ་གར་སོགས་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་དམར་གཞུང་གིས་བཙོན་དུ་བཅུག་ནས་ལོ་ངོ་ ༡༢ འཁོར་བ་དང་། ད་ལྟ་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་སོགས་ཀྱི་དབང་གིས་ཁོང་མྱུར་ཏུ་གློད་གྲོལ་ཡོང་བའི་ཞི་བའི་རྔམ་སྟོན་ལས་འགུལ་དུས་གཅིག་ཏུ་སྤེལ་བཞིན་པའི་ཉིན་དང་སྟབས་བསྟུན། སུད་སི་ནང་རྟེན་གཞི་བྱས་པའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གནས་བབ་སྤྱི་དང་། ལྷག་དོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཆེད་སྐད་འབོད་དང་། དེ་འབྲེལ་གྱི་ཡིག་ཆ་འགྲེམས་སྤེལ་གནང་བཞིན་རྒྱ་ནག་གཞུང་ཚབ་མདུན་བར་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་འདུག་ཅིང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་བོ་བསོད་ནམས་སྙན་གྲགས་གཉིས་ནས་ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཡིག་ཆ་རྒྱ་ནག་གཞུང་ཚབ་ལ་སྤྲད་ཡོད་པ་མ་ཟད། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པའི་དགོས་འདུན་ཡིག་ཆ་ཁག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཁ་ཤས་ལ་ཕུལ་ཡོད་འདུག

ལས་འགུལ་འདིར་མཉམ་ཞུགས་གནང་མཁན་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས་དང་། ཡུ་རོབ་སྤྱི་ཟུར་རྣམ་པ་གསུམ། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་གཙོས་མི་མང་སུམ་བརྒྱ་མ་ཟིན་ཙམ་མཉམ་ཞུགས་ཞུས་ཡོད་འདུག ལས་འགུལ་འདིའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་བོ་བསོད་ནམས་སྙན་གྲགས་ལགས་ཆེད་དུ་ཕེབས་ཏེ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་། ད་ལྟའི་ཁོང་གི་སྐུ་གཟུགས་ཀྱི་གནས་བབ། ལྷག་དོན་བོད་ཕྱི་ནང་གཉིས་ཀྱི་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོའི་ཁོང་ལ་རེ་སྒུག་དང་། ཁོང་གི་སྐུ་གཟུགས་གནས་སྟངས་ཐད་སེམས་ཁྲལ་ག་ཚོད་ཞུ་བཞིན་ཡོད་པའི་ཐད་འགྲེལ་བརྗོད་གསུང་བཤད་གནང་སོང་ལ། ལས་འགུལ་འདིར་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཆེད་་ཕེབས་མཁན་ཕྱི་རྒྱལ་ཡུལ་མི་ཁག་ཅིག་ཕེབས་ཏེ་བོད་ཀྱི་ད་ལྟའི་གནས་བབ་སྤྱི་ལ་སེམས་ཚོར་དྲག་པོས་གདུང་སེམས་མཉམ་བསྐྱེད་བཅས་གནང་ཡོད་འདུག

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ནང་གསུངས་དོན། དེ་རིང་ང་ཚོའི་འདིར་ལས་འགུལ་སྤེལ་དགོས་དོན་ནི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཞབས་ཞུ་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱིས་འབོད་སྐུལ་ཞུས་དོན་ལྟར་དང་། དེ་རིང་གི་ཉིན་མོ་འདིར་འཛམ་གླིང་ཡུལ་གྲུ་གང་སར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་གྲོལ་ཡོང་བར་དུས་གཅིག་ཏུ་ལས་འགུལ་སྤེལ་བཞིན་པ་བཅས་ལ་བརྟེན་ནས་དེ་རིང་གི་ལས་འགུལ་འདི་སྤེལ་དགོས་བྱུང་བ་དང་། གཉིས་ནས་བོད་གངས་ཅན་ལྗོངས་ཀྱི་ཁོར་ཡུག་དང་། རིག་གནས། སྐད་ཡིག་བཅས་ལ་ཕྱག་ལས་གནང་མཁན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཁོང་དང་ཁོང་ལྟ་བུ་མང་པོ་ཞིག་ལ་རྒྱ་གཞུང་གིས་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་མནར་གཅོད་ཚད་མེད་མྱོང་བཞིན་པ་སོགས་ལ་ངོ་རྒོལ་བྱ་ཆེད་བཅས་ཡིན། ཅེས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཁོར་ཡུག་ལ་སྲུང་སྐྱོབ་ཞུ་མཁན་ཞིག་དང་། སྐད་ཡིག་སྲུང་སྐྱོབ་སོགས་ལ་ཕྱག་ལས་གནང་མཁན་ཞིག་ཡིན་པ་ཡིན་ནའང་། རྒྱ་གཞུང་གིས་འདི་བཞིན་མནར་གཅོད་གཏོང་བཞིན་པ་འདི་ནི་རྒྱ་གཞུང་གིས་མཐའ་གཅིག་ཏུ་བོད་ཀྱི་རིག་གནས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དཔེ་མཚོན་གསལ་བོ་ཞིག་ཡིན། ཞེས་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ངོས་ནས་ཁོང་ནི་མི་རིགས་ཀྱི་ལ་རྒྱ་དང་། སྙིང་སྟོབས་ཀྱི་མཚོན་བྱེད་ཅིག་ལ་ངོས་འཛིན་ཞུ་བཞིན་པའི་ཐོག་ནས། ཁོང་གི་ད་ལྟའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་སྐབས་འདིར། ཁོང་གི་དད་ལྡན་ཁྲི་སྟོང་མང་པོའི་ཚབ་བྱས་ནས་ཁོང་མྱུར་ཏུ་གློད་གྲོལ་ཡོང་རྒྱུར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རོགས་སྐྱོར་གནང་རོགས་ཞུ་ཞེས་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

དེ་བཞིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕགས་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཞབས་ཞུ་ཚོགས་པས་ཆེད་གཏོང་གནང་བའི་ཡིག་ཆ་ཁག་ཅིག་སྒྲོག་སྦྱོང་གནང་བ་དང་འབྲེལ། ཁོང་གིས་ད་ལྟའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་པ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་མེད་པ་མ་ཟད། བོད་པ་ཡིན་ཟེར་རྒྱུར་ངོ་ཚ་སྟེ། ང་རང་ཁོ་རི་ཡ་དང་ཉི་ཧོང་སོགས་ཀྱི་མི་རིགས་ཡིན་ཚུལ་ཤོད་མཁན་ཡོད། དེ་ནི་ཆེས་ཐབས་སྐྱོ་བའི་བྱ་སྤྱོད་ཅིག་རེད་དྲན་གི་ཡོད། ང་ཚོའི་བོད་པ་ནི་ཆོས་དང་རིག་གཞུང་གང་གི་ཐད་ནས་བལྟས་ཀྱང་འཛམ་གླིང་མི་རིགས་ལ་ངོམ་ཆོག་པའི་མི་རིགས་ཤིག་ཡིན་པ་མ་ཟད། ང་ཚོར་༧གོང་ས་མཆོག་ལྟ་བུའི་འཛམ་གླིང་གི་རླབས་ཆེན་དབུ་ཁྲིད་ཅིག་ཡོད་པ་འདི་དག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། ཅེས་དང་། མཐར་ང་ཚོ་སྤྲུལ་སྐུ་བདེ་ལེགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཐོབ་སྟེ་གཞིས་བྱིས་མཉམ་འཛོམས་ཀྱི་ཉི་མ་མྱུར་ཏུ་འཆར་བའི་འབོད་སྒྲ་བཞིན། ལས་འགུལ་མཇུག་བསྡོིམས་ཞུས་ཡོད་འདུག 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།