སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་གྲགས་ཅན་ཁག་ནང་གནས་ཚུལ་སྤེལ་བ་དང་འདི་གའི་གསར་འགོད་པས་འབྲེལ་ཡོད་ལ་བཅར་འདྲི་ཞུས་པའི་ནང་དོན་ལྟར་ན། དགུང་གྲངས་ ༦༥ ཕེབས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་བཙོན་ཁང་ནང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁ་སང་ཕྱི་དྲོར་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཟིན་སྐོར་བརྗོད་འདུག དེ་ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་དགོན་དུ་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་མཆེད་དགེ་བཤེས་ཉི་མ་ལགས་ཀྱིས་གསར་འགོད་པར་གསུང་དོན་ལྟར་ན།
ཟླ་འདིའི་ཕྱི་ཚེས་གཉིས་གསུམ་ཙམ་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རིན་པོ་ཆེ་མཆོག་གི་སྲིང་མོ་གཉིས་ལ་ཐུག་འཕྲད་དུ་ཤོག་ཟེར་ནས་སྐད་བཏང་ཡོད་ཀྱང་། དངོས་སུ་ཐུག་པར་བསྐྱོད་སྐབས་དུས་ཚོད་ནར་འགྱངས་ཀྱིས་ཐུག་མ་བཅུག ཕྱི་ཚེས་ ༡༢ ཞོགས་པར་སྲིང་མོ་གཉིས་ཐུག་འཕྲད་དུ་འགྲོ་སྐབས་འབྲེལ་ཡོད་ལས་བྱེད་ཀྱིས་ཐུག་འཕྲད་བྱས་ན་ཡོང་གི་མ་རེད་ཅེས་ལབ་ཡོད་པ་དང་། ཕྱི་དྲོ་ས་གནས་ཀྱི་ཆུ་ཚོད་ ༡༡ ཙམ་ལ་རིན་པོ་ཆེ་དགོངས་པ་རྫོགས་ཚར་བ་རེད་ཅེས་ལན་སྤྲད་ཡོད་འདུག དེ་ནས་སྲིང་མོ་གཉིས་ཀྱིས་ཁྲིན་ཏུའུ་ཡི་བོད་མི་འདུས་སྡོད་ཁུལ་ཝུ་ཧུ་སི་རུ་ཡོད་པའི་ཕ་ཡུལ་གཅིག་པ་ཚོར། འབྲེལ་ཡོད་ལས་ཁུངས་ནས་རིན་པོ་ཆེ་དགོངས་པ་རྫོགས་ཚར་ཡོད་སྐོར་བརྗོད་ཀྱི་འདུག་ཀྱང་། སྐུ་ཕུང་རྩིས་སྤྲོད་ཀྱི་མི་འདུག རོགས་པ་བྱེད་རོགས་ཞེས་སྐུལ་མ་བྱས་མ་ཐག བོད་མི་མང་པོ་འབྲེལ་ཡོད་ལས་ཁུངས་ནང་ཕྱིན་ཏེ་རིན་པོ་ཆེ་ག་དུས་དགོངས་པ་རྫོགས་པ། སྐུ་ཕུང་གང་དུ་ཡོད་མེད་སོགས་སྐད་ཆ་དྲིས་པར། འབྲེལ་ཡོད་ལས་བྱེད་པས་ཁྱེད་རང་ཚོས་ཟིང་ཆ་མ་སློང་། རིན་པོ་ཆེ་ཉག་ཆུ་རྫོང་ནས་ཡིན་པས་ཉག་ཆུ་རྫོང་གི་འཐུས་མི་གཉིས་དང་། དེ་བཞིན་ཁོང་གི་འཁྲུངས་ཡུལ་དང་དགོན་པ་ལི་ཐང་རྫོང་ཁོངས་ཡིན་སྟབས། ལི་ཐང་ནས་འཐུས་མི་གཉིས་མར་ཡོང་ན་ང་ཚོས་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡིན་ཞེས་བརྗོད་ཡོད། ད་ལྟའི་ཆར་རིན་པོ་ཆེ་དངོས་གནས་དགོངས་པ་རྫོགས་ཡོད་མེད་དང་། དགོངས་པ་རྫོགས་ཡོད་ན་གང་དུ་དང་ག་དུས་རྫོགས་ཡོད་མེད་སུ་གཅིག་གིས་གསལ་པོ་ཤེས་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོས་སྲིང་མོ་གཉིས་ལ་འབྲེལ་བ་བྱེད་བཞིན་ཡོད་ཀྱང་། ཁོང་གཉིས་ངུས་ནས་སྐད་ཆ་ཅི་ཡང་བཤད་ཀྱི་མི་འདུག ཅེས་བརྗོད་བྱུང་། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་ཐུག་འཕྲད་ཞུ་བཅུག་མེད་པ་དང་། ནང་མིར་ཐུག་འཕྲད་ཞུ་རུ་ཤོག་ཅེས་ལབ་སྟེ་ཡང་ཐུག་འཕྲད་ཞུ་བཅུག་མེད།
ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རིན་པོ་ཆེ་མཆོག་གློ་བུར་དུ་ཉག་ཆུ་རྫོང་ཁོངས་ནས་འཛིན་བཟུང་བྱས་ཏེ། དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་བ་སོགས་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་སི་ཁྲོན་ཁྲིན་ཏུའུ་རུ་རིན་པོ་ཆེ་མཆོག་གི་སྐུ་མཆེད་ནང་མི་གསུམ་གྱིས་ཁོང་ལ་ཐུག་འཕྲད་ཞུ་སྐབས། རིན་པོ་ཆེ་མཆོག་ལ་སྙིང་གི་སྙུན་གཞི་ཕོག་ཡོད་པ་དང་སྐུ་གཟུགས་འདར་སིག་རྒྱག་གི་ཡོད་པ་མ་ཟད། མཚམས་རེར་དྲན་མེད་དུ་རྒྱལ་འགྲོ་བ་སོགས་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། རིན་པོ་ཆེ་མཆོག་ནས་ཀྱང་ཁོང་གི་གནས་ཚུལ་ཞུ་གཏུག་བྱེད་དགོས་པའི་ལམ་སྟོན་གནང་བ་ལྟར། འདས་པའི་ལོ་ ༡ ལྷག་གི་རིང་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པས་གཙོས་ཚོགས་སྡེ་ཁག་དང་མི་སྒེར་སོགས་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྲིད་གཞུང་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་ལ། རིན་པོ་ཆེ་མཆོག་གང་མགྱོགས་སྨན་བཅོས་ཆེད་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་མང་པོ་བྱས་ཡོད་པ་དང་། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་ཀྱང་རྒྱ་གཞུང་ལ་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ་མང་པོ་བྱས་ཡོད། འོན་ཀྱང་རྒྱ་གཞུང་གིས་ཉན་འཇོག་མ་བྱས་པར་མུ་མཐུད་བཙོན་འཇུག་བྱས་ཏེ་དོན་འབྲས་གང་ཡང་ཐོན་མེད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧ་ཅང་བློ་ཕམ་ཆེན་པོས་གསུང་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། རིན་པོ་ཆེ་མཆོག་ལ་སྙུན་གཞི་ཚབས་ཆེ་ཕོགས་ཡོད་སྟབས་ཁོང་གི་སློབ་མ་རྣམས་ཀྱིས་སྨན་བཅོས་མཐུན་འགྱུར་ཆེད་ཁོང་གློད་བཀྲོལ་གནང་དགོས་པའི་རེ་འདུན་བཏོན་པ་ང་ཚོས་ཤེས་ཀྱི་ཡོད། རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་སྨན་བཅོས་མཐུན་འགྱུར་ཡང་མ་སྤྲད་པ་མ་ཟད། སློབ་མ་རྣམས་ཀྱིས་ཁོང་བཙོན་ཁང་དུ་ཐེངས་གཅིག་མཇལ་རྒྱུའི་རེ་འདུན་བཏོན་པར་ཆོག་མཆན་མ་སྤྲད་པའི་བྱ་སྤྱོད་དེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཇི་ཙམ་ལག་བསྟར་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་མཚོན་ཐུབ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་འདི་ལྟར་འཛིན་པ་དེས་བོད་མི་ཚོའི་སེམས་ནང་འཁོན་འཛིན་ཆེ་རུ་གཏོང་རྒྱུ་ཡིན། ཞེས་གསུངས་ཡོད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༥༠ ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་སྩལ་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་སྩལ། ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱིར་ཕ་ཡུལ་དུ་ཕེབས་ཏེ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་རླབས་ཆེན་གནང་ཡོད་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།