ཧི་མ་ཅལ་མངའ་སྡེ་འདི་ཧ་ཅང་རྩ་ཆེན་པོ་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༩ཉིན། དེ་རིང་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་ཧི་མ་ཅལ་མངའ་སྡེའི་གནས་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༨པའི་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་མཱ་དྷུ་མལ་མཆོག་དང༌། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང༌། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱ་གར་གྱི་སྐུ་མགྲོན་རྣམས་པ། གསར་འགོད་པ་རྣམ་པ་ཚང་མར་ཞོགས་ཟས་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་པ་རེད།
ཐོག་མར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས། སྐུ་མགྲོན་ཚོར་ཕེབས་བསུའི་གསུང་བཤད་དང༌། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་དང༌། མངའ་སྡེའི་བློན་ཆེན་སོགས་ནས་གསུང་བཤད་རིམ་པར་གནང་ཡོད།
སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ཚོར་ཁྱུག་ཙམ་རིང་ཞོགས་ཟས་ཆེད་ཡོང་རོགས་ཞེས་མགྲོན་འབོད་མཛད་པར་དགའ་ཚོར་ཆེན་པོི་བྱུང་། ང་ཚོ་འདིར་བཅར་རྒྱུ་དེ་གཙོ་བོ་ཞོགས་ཟས་ཁོ་ནའི་ཆེད་མིན་པར་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་༧གོང་ས་ཏཱ་ལའི༌བླ་མ་མཆོག་མཇལ་རྒྱུ་དང་ཁོང་གི་བྱིན་རླབས་ཐོབ་ཆེད་ཡིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ད་ཡོད་ནང་པའི་དགེ་སློང་སྙན་གྲགས་ཆེ་ཤོས་ཆགས་ཡོད། ད་ལྟའི་དུས་སྐབས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་ངོ་བོར་བྱོན་ནས་འཛམ་གླིང་ནང་འཚེ་མེད་ཞི་བ་དར་སྤེལ་མཛད་བཞིན་ཡོད།

སྐུ་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གནད་དོན་སེལ་ངེས་ཡིན། ལྷག་པར་འཕགས་བོད་གཉིས་བྱུང་རབས་ཁྲོད་འབྲེལ་བ་ཧ་ཅང་ཟབ་པོ་ཡོད། དེ་སྔོན་འཕགས་ཡུལ་ནས་ནང་ཆོས་དར་སྤེལ་ཆེད་ནང་པའི་མཁས་དབང་བོད་དུ་ཕེབས་ཡོད། ད་ལྟའི་ཆར་འཛམ་གླིང་ནང་དུ་ནང་ཆོས་སློབ་ཁྲིད་མཛད་མཁན་སྙན་གྲགས་ཆེ་ཤོས་༧གོང་ས་ཏཱ་ལའི་བླ་མ་མཆོག་དྷ་རམ་ས་ལར་བཞུགས་ཡོད་པ་རེད། ངས་སྐུ་ཉིད་མཆོག་གི་སྐུ་གཟུགས་གསལ་ཐང་ངང་སྐུ་ཚེ་ཡུན་ནས་ཡུན་དུ་གནས་ཆེད་དཀོན་མཆོག་ལ་གསོལ་འདེབས་ཞུ་རྒྱུ་དང༌། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལས་དར་ཞིང་རྒྱས་པ་ཡོང་རྒྱུ། བོད་མི་རྣམས་རང་གི་ཐོབ་ཐང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
མཇལ་འཕྲད་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་རྒྱུན་དུ་བློན་ཆེན་མཆོག་ལ་ངོས་ཀྱི་མངའ་སྡེའི་བློན་ཆེན་ཞེས་འབོད་ཀྱིན་ཡོད། ངོས་ཀྱི་མངའ་སྡེའི་བློན་ཆེན་དང༌། དེ་བཞིན་གསུང་བཤད་གནང་མཁན་མངའ་སྡེའི་སྲིད་གཞུང་གི་ཕྱོགས་འགལ་ཚོགས་པའི་གཙོ་འཛིན་རེད། གཞན་ཡང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང༌། དེ་མིན་གྱི་བློན་ཆེན་རྣམ་པ་ང་ཚོའི་གྲོས་ཚོགས་ནས་གདན་ཞུས་ལྟར་དེ་རིང་འདིར་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།
སྤྱིར་འཕགས་བོད་དབར་བླ་མ་དང་སློབ་མའི་འབྲེལ་བ་ཟབ་མོ་ཡོད་པ་དང༌། ང་རང་སྒེར་གྱི་མི་ཚེའི་ནང་ལའང་ངའི་ཆོས་ཞུ་སའི་བླ་མ་ནང་ལ། ཁུ་ནུ་བླ་ན་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང༌། རྒན་རིག་འཛིན་བསྟན་པ་གཉིས་ཀ་ཁུ་ནུ་ནས་རེད། མ་ཚད་ལུས་སེམས་གཉིས་ཀ་བདེ་ཞིང་སྐྱིད་པའི་དུས་ཡུན་རིང་པོ་ས་ཆ་འདིར་བསྡད་པ་རེད། དེ་དག་གི་ཆ་ནས་མངའ་སྡེ་འདི་དང་འབྲེལ་བ་དམིགས་བསལ་ཞིག་ཆགས་བསྡད་ཡོད་པ་རེད། དེའི་སྒང་ལ་བསྟན་པ་སྤྱི་དང༌། འགྲོ་བ་མི་སྤྱིའི་ཞབས་འདེབས་སྒྲུབ་ཡ། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་རང་དབང་གི་འཐབ་རྩོད་ལས་ཀ་བྱེད་ཡ་སོགས། ལས་དོན་མང་པོ་ཞིག་ས་ཆ་འདིའི་སྒང་ནས་བསྒྲུབས་ཡོད་དུས། ས་ཆ་འདི་ཧ་ཅང་གི་རྩ་ཆེན་པོ་ཡིན།
ང་ཚོ་ཚང་མ་ངོ་ཤེས་པ་དང་སེམས་ཐག་ཉེ་པོ་ཆགས་ནས། ག་དུས་ཐུག་རུང་གྲོགས་པོ་ཉེ་པོ་ཐུག་པ་ནང་བཞིན་ཡོང་གིན་འདུག དེ་དང་ཆབས་ཅིག་འདས་པའི་ལོ་བཅུ་ཕྲག་༥རིང་ལ་ལོ་ཁ་ཤས་ཀྱི་རྗེས་ནས་མངའ་སྡེ་བློན་ཆེན་གྱི་ཞལ་རས་མི་འདྲ་བ་མི་འདྲ་བ་དེ་འདྲ་ཕེབས་ཀྱི་འདུག དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། རྒྱ་གར་ནང་དོན་དངོས་ཐོག་ནས་མང་གཙོ་དང་རང་དབང་ཡོད་པ་ཞིག མི་མང་གི་འོས་བསྡུའི་ཐོིག་ནས་གཙོ་འཛིན་སླེབས་པ་དང༌། ལོ་འགའ་ཤས་ཕྱིན་སྐབས་མི་མང་གི་དགའ་མོས་བྱེད་ས་གསར་པ་ཞིག་སླེབས་ནས་དེ་གཟི་བརྗིད་ཆེན་པོ་ཞིག་རེད་འདུག་ཅེས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།