ཧོར་གྷན་བོད་ཡིག་སློབ་གྲྭས་ཨོ་ལེམ་པིག་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་ཞིག་གོ་སྒྲིག་ཞུས
༄༅། ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་སུད་སི་ས་གནས་ཧོར་གྷན་གྱི་སློབ་གྲྭའི་རྩེད་ཐང་དུ། ཧོར་གྷན་བོད་ཡིག་སློབ་གྲྭས་ ཕཱྀཊ་ཕཱོར་ཊི་བྷེཊ་ (Fit for Tibet) ཞེས་པའི་རྗོད་གཞིའི་ཐོག་སུད་སི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཚོའི་ཆེད་དུ་ བོད་པའི་ཨོ་ལེམ་པིག་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་ཞིག་གོ་སྒྲིག་ཞུས་པ་རེད།
དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཁག་ཏུ་ཡོད་པའི་བོད་ཕྲུག་ཕན་ཚུན་འབྲེལ་བ་དང་། བོད་རིགས་ཡིན་པའི་ཆ་ནས་རང་གི་སྐད་དང་རིག་གཞུང་སོགས་ལ་སྣང་བ་གོང་འཕེལ་གཏོང་རྒྱུ། གཞན་ཡང་ཕྲུག་གུ་ཚོ་གཞོན་ནུའི་མཐུན་ཚོགས་དང་འབྲེལ་བ་ཡོང་སླད་མ་ཟད། ཕ་མ་རྣམས་ཀྱང་ནང་ཁུལ་འབྲེལ་བ་ཡོང་བ་སོགས་རེད།
ཡུན་རིང་པོ་ནས་ཁྱབ་བསྒྲགས་དང་འབོད་བསྐུལ་ཐེངས་མང་ཞུས་ཐར། མཉམ་ཞུགས་གནང་མཁན་ས་གནས་སཎྡ་གྷ་ལན་བོད་ཡིག་སློབ་གྲྭ་དང་། ཝེ་དྷནྶ་ཝིལ་བོད་ཡིག་སློབ་གྲྭ། རི་ཀོན་བོད་ཡིག་སློབ་གྲྭ། མུཎཁ་ཝི་ལཎ་བོད་ཡིག་སློབ་གྲྭ། ཕལཱ་ཝིལ་བོད་ཡིག་སློབ་གྲྭ། རྫུས་རིག་བོད་ཡིག་སློབ་གྲྭ། ཧོར་གྷན་བོད་ཡིག་སློབ་གྲྭ་བཅས་ནས་ཕྲུག་གུ་ ༤༠ ལྷག་བྱུང་སོང་།
སྔ་དྲོ་ཚོུད་ ༩ ལ་འཛོམས་ནས་ཚོུད་ ༡༠ ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། ཧོར་གྷན་བོད་སློབ་ནས་རྟེན་འབྲེལ་མཚོན་ཆེད་བཀྲ་ཤིས་ཞོལ་པའི་གཟིགས་འབུལ་ཞུས།
དེ་ནས་ས་གནས་ཧོར་གྷན་བོད་ཡིག་སློབ་གྲྭའི་འགན་འཛིན་ནས་འདུ་འཛོམས་ཀྱི་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་མཆོག་ནས། ཨོ་ལེམ་པིག་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་དབུ་འབྱེད་མཛད་དེ་གསུང་བཤད་གནང་དོན་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དམིགས་བསལ་དོ་སྣང་དང་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་ལྟར། ཉེ་ཆར་ཇར་མ་ནི་སོགས་ལ་ཡིད་བཞིན་ནོར་བུ་ཆིབས་བསྒྱུར་གནང་སྐབས། ས་གནས་དེ་ཚོར་བོད་ཕྲུག་ཉུང་ཤས་ལས་མེད་ཀྱང་ཆེད་མངགས་མཇལ་འཕྲད་གནང་སྟེ། བོད་ཀྱི་སྐད་དང་རིག་གཞུང་ལ་དོ་སྣང་བྱེད་དགོས་གལ་ཆེན་པོ་ཡིན་པའི་སྐོར་ནན་གཏན་བཀའ་སློབ་གནང་སོང་ཅེས་དང་། དེ་རིང་འདིར་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་ལ་ས་གནས་ཁག་ནས་བོད་ཕྲུག་དང་ཕ་མ་ཕེབས་པ་རྣམས་ལ་དགའ་བསུ་དང་། བོད་ཀྱི་སྐད་དང་རིག་གཞུང་ལ་དོ་སྣང་དང་འབད་བརྩོན་གནང་རོགས་བཅས་འབོད་བསྐུལ་ནན་གཏན་གནང་། ལས་འགུལ་དེའི་ཐོག་ནས་བོད་ཕྲུག་ཕན་ཚུན་འབྲེལ་བ་ཡོང་བའི་ཐབས་ལམ་ལ་བསྔགས་བརྗོད་དང་། དེ་ལྟར་མུ་མཐུད་ནས་བྱུང་ན་ཡག་པོ་ཡོང་ངེས་བཅས་གསུངས་སོང། དེ་བཞིན་སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་ནས་ཀྱང་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིིག་སྦྱོང་རྒྱུ་ཅི་ནས་གལ་ཆེ་ཡིན་སྟབས་ཕ་མ་ཚོས་ཀྱང་ཐུགས་འཁུར་ཆེ་བཞེས་གནང་གལ་སོགས་ཀྱི་བཀའ་སློབ་གནང་།
དེ་རྗེས་ས་གནས་ཧོར་གྷན་དུ་ཡོད་པའི་ཡོ་རོབ་གཞོན་ནུ་མཐུན་གྲོགས་ཀྱི་ཚོགས་ཆུང་སོན་རྩས་སྣེ་འཁྲིད་ཀྱིེས་ཕྲུག་གུའི་ལུས་རྩལ་དང་རྩེད་མོ་འགོ་བཙུགས། ཕྲུག་གུ་ཆེ་ཆུང་བར་གསུམ་སོ་སོའི་ནང་ནས་རུ་ཁག་བཟོས་ཏེ། མི་ཊར་ ༡༠༠ ཐད་རྒྱུག་དང་། མི་ཊར་ ༢༠༠ ཐང་བསྐོར་ཉིས་རྒྱུག། རྒྱང་མཆོངས། རྒྱང་རྒྱུག མཐོ་མཆོངས། རྒྱང་འཕེན་སོགས་ཀྱི་རྩེ་སྣ་འདྲ་མིན་ལ་ཕ་མ་ཚོས་ཀྱང་ཐུགས་སྤྲོའི་ངང་ནས་མཉམ་ཞུགས་གནང་།
ཕྲུག་གུ་མཉམ་ཞུགས་བྱེད་མཁན་ཚང་མར་རྟགས་མ་རེ་དང་། རུ་ཁག་སོ་སོའི་ནང་ནས་ཨང་དང་པོ་གཉིས་པ་གསུམ་པ་བཅས་ལའང་དམིགས་གསལ་གསེར་ཟངས་དངུལ་གསུམ་གྱི་རྟགས་མ་དང་རྔན་པ། དེ་བཞིན་རྩེད་མོར་མཉམ་ཞུགས་གནང་མཁན་ཕ་མ་ཚོའི་ནང་ནས་ཨང་དང་པོ་རྣམས་ལ་བྱ་དགའ་བཅས་ཕུལ་ཏེ།
ཕྱི་དྲོ་ཚོུད་ ༥་༣༠ བར་གནམ་གཤིས་ཧ་ཅང་བཟང་ཞིང་། ཕ་མ་ཕྲུག་གུ་དང་ལས་བྱེད་པ་ཚང་མས་དགའ་ཞིང་སྤྲོ་བའི་ངང་ནས་བཀྲིས་གསོལ།
འོན་ཀྱང་ཉིན་དེར་བོད་དུ་ཉིན་རྒྱབ་ཚོུད་ ༤ ཙམ་ལ་རྔ་པ་སྒོ་མང་མཐའ་བའི་ཞི་ཆུང་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་འདུག་པར་ཚང་མས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱིས་སྐར་མ་གཅིག་རིང་ངག་གཅད་གནང་ཏེ། ད་བར་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་མཁན་ལྷག་བསམ་ཅན་བོད་རིགས་དཔའ་བོ་ཕོ་མོ་རྣམས་ཀྱི་རེ་འདུན་ལ་རྗེས་སུ་ཡིད་རང་དང་། ལྷག་པར་དུ་རང་དབང་ལུང་པར་ཡོད་པའི་བོད་རིགས་ང་ཚོས། རང་གི་སྐད་ཡིག་དང་རིག་གཞུང་། མཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་མི་ཉམས་གོང་འཕེལ་ཆེད་འབད་བརྩོན་ཧུར་ལེན་བྱེད་དགོས་པ་སོགས་དྲན་བསྐུལ་བགྱིད་ཞིང་།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་ནས་དུས་སང་ཁྲ་རོག་ངོ་རོག་མཇལ་འཛོམས་ཡོང་བའི་སྨོན་འདུན་ཞུ་བཞིན་རེ་ཞིག་གྲོལ།
འོར་པ་ཚེ་བརྟན་པ་སངས་ཀྱིས་གནས་ཚུལ་དུ་ཕུལ།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།