ཧྤ་རིན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་རེ་སྐུལ།

བོད་རྔ་པ་ཁུལ་གྱི་ཀིརྟི་དགོན་པ་དང་ས་གནས་དེའི་བོད་མི་ཚོའི་གནས་བབ་འདི་འདྲ་ཞིག་གི་སྐབས་ལ། ཧྤ་རིན་སི་གཞུང་གནས་སྟངས་མི་འདྲ་བ་ཞིག་གི་ཐོག་གནས་ཐབས་མེད་པས། ད་ལྟའི་སྐབས་ལ་གཞུང་གིས་བོད་མི་ཚོར་སེམས་ཁུར་བྱེད་དགོས་ཞེས། ཧྤ་རིན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལིའུ་ནིལ་ལུ་ཀཱ་ཡིས་གསུངས་ཡོད་པ་རེད།ཟླ་འདིའི་ཚེས་༧ ཉིན་ཧྤ་རིན་སིའི་གྲོང་ཁྱེར་པཱ་རི་སིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་༧གོང་ས་མཆོག་གིས་བོད་མདོ་སྨད་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་དེ་མྱུར་དུ་ལྷིང་འཇགས་ཡོང་ཐབས་ཀྱི་རེ་སྐུལ་ཞུས་ཡོད་རུང། ད་དུང་ཡང་རྔ་པ་ཁུལ་གྱི་གནས་སྟངས་དེ་འགྱུར་བ་སོང་མེད་པ་དང། དགེ་འདུན་པ་དང་ས་གནས་བོད་མི་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་ཡོད་པས། ཧྤ་རིན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གྱི་མིང་ཐོག་ནས། ཧྤ་རིན་སིའི་ཕྱི་སྲིད་བློན་ཆེན་དང་ཡུལ་དེའི་རྒྱ་ནག་གི་གཞུང་ཚབ་ཁང་ལ། རྔ་པ་ཀིརྟི་དགོན་དང་ཡུལ་དེའི་མི་མང་གི་གནས་བབ་ལྷིང་འཇགས་ཡོང་ཐབས་སུ་ཞུ་ཡིག་ཅིག་ཕུལ་ཡོད་པ་རེད།
ཞུ་ཡིག་དེ་དང་འབྲེལ་ནས་ཧྤ་རིན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལིའུ་ནིལ་ལུ་ཀཱ་ཡིས་གསུང་དོན། བོད་རྔ་པ་ཁུལ་གྱི་ཀིརྟི་དགོན་པ་དང་ས་གནས་དེའི་བོད་མི་ཚོའི་གནས་བབ་འདི་འདྲ་ཞིག་གི་སྐབས་ལ། ཧྤ་རིན་སི་གཞུང་གནས་སྟངས་མི་འདྲ་བ་ཞིག་གི་ཐོག་གནས་ཐབས་མེད་པས། ད་ལྟའི་སྐབས་ལ་ཧྤ་རིན་སིའི་གཞུང་གིས་བོད་མི་ཚོར་སེམས་ཁུར་བྱེད་དགོས་ཞེས་དང། དེ་བཞིན་ཁོང་གིས་ཞུ་ཡིག་ཅིག་ཡུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་བཏང་ནས། ཀིརྟི་དགོན་གྱི་དགེ་འདུན་པ་༢ འདས་གྲོངས་སུ་ཕྱིན་པ་དང། ཉེ་དུས་བཙན་ཁྲིད་བྱས་པའི་དགེ་འདུན་པ་༣༠༠ ལྷག་ཙམ་ཡོད་པ་དེ་ད་ལྟ་ས་གནས་གང་དུ་ཡོད་མེད་དང། གནས་བབ་ཇི་ལྟར་ཡིན་མིན་བཅས་ལ་གསལ་བརྗོད་དགོས་པའི་རེ་སྐུལ་ཞུས་ཡོད་ཅེས་གསུངས་ཡོད་པ་རེད།
ཡང་ཁོང་གིས། ༧གོང་ས་མཆོག་གིས་རྒྱ་གཞུང་ལ་ཞུ་འཕྲིན་ཞིག་ཕེབས་པའི་ནང། ཀིརྟི་དགོན་གྱི་གནས་བབ་དེ་ལ་རྒྱ་གཞུང་གིས་འགྱུར་བ་མ་བཏང་ན། ཁོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དེ་དོན་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་ལྟར། རྒྱ་ནག་གཞུང་གིས་རྔ་པ་ཁུལ་གྱི་དགོན་སྡེ་དང་མི་མང་ལ་དྲག་གནོན་མཚམས་འཇོག་བྱས་མེད་པས། ད་དུང་ཡང་འདི་བཞིན་མུ་མཐུད་ནས་དྲག་གནོན་བྱས་ན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འགན་ལེན་བྱེད་དགོས་ཞེས་སོགས་གསུངས་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སྡོམས་རོགས།