ཨ་མ་ནི་བྱམས་སྙིང་རྗེ་ཡི་འབྱུང་ཁུངས་ལྟ་བུ་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༥ཚེས་༩ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མིན་ནི་སོ་ཊ་གཙུག་ལག་སློབ་གྲྭ་ཆེན་མོ་དང་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གསོལ་འདེབས་ལྟར་ས་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་འདུག ཕྱི་ཚེས་༨ཉིན་གྱི་སྔ་དྲོར། ༧མགོན་པོ་གང་ཉིད་ཀྱིས་མི་མང་༦༠༠༠ལྷག་ལ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་བར་བོད་རིགས་༢༠༠༠འདུ་འཛོམས་གནང་ཡོད་པ་དང༌། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་སྡུག་བསྔལ་གྱི་རྒྱུ་གཙོ་བོ་དེ་རང་གཅེས་འཛིན་གྱི་བློ་ཤུགས་ཆེ་དྲགས་པ་ལ་བརྟེན་ནས་ཡོང་གི་ཡོད་པ་དང༌། ནང་ཆོས་ཡང་དག་པ་ཞིག་ཉམས་ལེན་བྱེད་མཁན་ཞིག་ཡིན་ཕྱིན་ཆད་ལུས་དང་ཚོར་བ། ཡིད། ཆོས་དྲན་པ་ཉེ་བར་བཞག་པ་བཅས་དྲན་པ་ཉེར་བཞག་བཞིར་རྟག་ཏུ་དོ་སྣང་བྱས་ཏེ་སྒོམ་དགོས། སྨོན་ལམ་བརྒྱབ་པ་ཙམ་གྱིས་ཞི་བདེ་བསྒྲུབ་མི་ཐུབ། ཞི་བདེ་ཡོང་བར་སྒོ་གསུམ་གྱི་ཐོག་ནས་འབད་བརྩོན་བྱེད་དགོས་ཞེས་སོགས་བཀའ་སློབ་གནང་འདུགཉིན་དེའི་ཕྱི་དྲོར། མིན་ནི་སོ་ཊ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཙོ་བྷི་རོན་ནིན་ཁི་སི་ལགས་ནས་༧གོང་ས་མཆོག་ལ་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ཆེས་མཐོའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་ཞིག་ཕུལ་ཡོད་པ་དང༌། སྐབས་དེར་༧མགོན་པོ་གང་གིས་གསུང་བཤད་གནང་དོན། དེང་རབས་སློབ་གསོའི་མ་ལག་འདི་ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་ལ་ཡོ་རོབ་གླིང་དུ་རིམ་གྱིས་དར་མགོ་བརྩམས་ཡོད་པ་མ་ཟད། སྐབས་དེར་ནང་སེམས་ཀྱི་ཞི་བདེ་སོགས་གོང་དུ་སྤེལ་བར་ཕན་ནུས་ཆེན་པོ་ཐོན་ཡོད་ཀྱང༌། ལོ་ངོ་མང་པོའི་རིང་ནས་ཁྱིམ་ཚང་གི་སློབ་གསོའི་རིན་ཐང་ལྟ་ཚུལ་ཉམས་རྒུད་དུ་གྱུར་བ་ལྟར་སྤྱི་ཚོགས་སློབ་གསོའི་ནུས་ཤུགས་ཀྱང་ཉམས་རྒུད་དུ་གྱུར་ཡོད་པ་རེད། དེའི་ཕྱིར་དེང་གི་སྤྱི་ཚོགས་ཁྲོད་སློབ་གསོའི་སྒྲིག་འཛུགས་ཤིག་ཡོད་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་དང༌།ཡང་ཁོང་གིསརྒྱལ་སྤྱིའི་ཨ་མའི་ཉིན་མོ་དང་སྟབས་བསྟུན་ནས་གསུང་བཤད་གནང་དོན། ངོས་ཀྱིས་ཨ་མ་ལགས་ནས་བྱམས་སྙིང་རྗེ་ཡི་བསླབ་བྱ་དག་བསླབས་པ་ཡིན་ལ། ཨ་མ་ནི་བརྩེ་བ་དང་བྱམས་སྙིང་རྗེ་ཡི་འབྱུང་ཁུངས་ལྟ་བུ་ཡིན་པ་དང༌། ང་ཚོར་རང་བཞིན་ལྷན་སྐྱེས་སུ་བྱམས་སྙིང་རྗེ་ཡི་སེམས་རྒྱུད་ཡོད་པ་དེ་ནི་ང་ཚོ་ཚང་མ་ཨ་མ་ལས་བྱུང་བ་ཡིན་པས་རེད་ལ། ད་ལྟ་ང་ཚོ་ཆེན་པོ་ཆགས་ཟིན་ཀྱང་ཨ་མས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ལ། མྱོང་ཚོར་དེ་ང་ཚོ་ཚང་མར་གཅིག་མཚུངས་སུ་ཡོད་ལ་དེ་ནི་ཤིན་ཏུ་གལ་ཆེན་པོ་རེད། མི་སུ་ཞིག་ཡིན་ཡང་ཆུང་དུས་ནས་ཨ་མའི་བྱམས་བརྩེ་ཐོབ་པ་ཡིན་ན་དེ་བདེ་སྐྱིད་དང་ལྡན་པའི་སྒོ་ནས་འཚར་ལོངས་བྱུང་ཐུབ་པ་དང༌། གལ་སྲིད་ཨ་མའི་བྱམས་བརྩེ་དེ་མ་ཐོབ་པ་ཡིན་ན་སྡུག་བསྔལ་གྱི་ཁྲོད་ནས་འཚར་ལོངས་བྱུང་གི་ཡོད་པ་རེད་ཅེས་བཀའ་སློབ་གནང་འདུགམཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མེ་ནིང་སོ་ཊ་གཙུག་ལག་སློབ་གཉེར་ཁང་གིས་ཆོས་ལུགས་སློབ་གཉེར་མཉམ་སྦྲེལ་གྱི་ལས་གཞི་དེར་བསྔགས་བརྗོད་དང༌། དུས་མཚུངས་སུ་གང་ཉིད་གཙུག་ལག་སློབ་གཉེར་ཁང་གི་ཆོས་ལུགས་དང་ནད་རིགས་གསོ་ཐབས་ལྟེ་གནས་དུ། གཞུང་གིས་གསར་འཛུགས་གནང་བའི་བོད་ལུགས་གསོ་ཐབས་ཚན་ཁག་ཏུ་གཟིགས་སྐོར་གནང་ཡོད་པ་རེད། གསར་འཛུགས་གནང་བའི་བོད་ལུགས་གསོ་ཐབས་ཚན་ཁག་དེའི་ནང་མ་འོངས་བོད་ལུགས་གསོ་ཐབས་ཀྱི་ལག་ལེན་དེའི་ཐོག་ནས་འཕྲོད་རྟེན་ལ་ཕན་ནུས་དང་ཁྱད་ཡོན་སོགས་ལ་བརྟག་དཔྱད་དང་ཞིབ་འཇུག་གནང་རྒྱུ་ཡིན་འདུགམི་མང་དང་དྲི་བ་དྲིས་ལན་སྐབས། ད་ལྟ་རྒྱ་ནག་གིས་དྲ་རྒྱ་སོགས་ནས་ཤེས་རྟོགས་ཀྱི་བློ་གྲོས་གོང་འཕེལ་འགྲོ་རྒྱུར་དམ་དྲག་འོག གང་ལྟར་འཛམ་གླིང་གི་གནས་བབ་དེ་བཟང་ངན་གང་གི་ཕྱོགས་སུ་འགྲོ་བཞིན་ཡོད་མེད་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། དེང་སང་སྣོད་བཅུད་རྟེན་འབྲེལ་གྱི་དོ་སྣང་དེའི་ཐོག་ནས་བལྟས་ནས་འཛམ་བུ་གླིང་འདི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་ཚོར་གྱི་འདུག དེར་སང་ཚན་རིག་པ་ཚོས་ཧ་ལས་པའི་སེམས་ཀྱི་སྐོར་སློབ་སྦྱོང་བྱེད་བཞིན་པ་དང༌། མི་མང་གིས་རྡུལ་ཕྲན་གྱི་མཚོན་ཆ་མཚམས་འཇོག་དགོས་པའི་འབོད་སྒྲ་དེ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་བརྡ་མཚོན་ཞིག་རེད་ཅེས་བཀའ་བསྩལ་འདུགཡང་༧གོང་ས་མཆོག་གིས། དེ་སྔོན་ཕྱི་ལོ་༡༩༩༦ལོར་དབྱིན་ཇིའི་རྒྱལ་མོ་མཆོག་དང་ལྷན་དུ་བཀའ་མོལ་གནང་སྐབས། ཁོ་མོ་ནི་དུས་རབས་༢༠པའི་ནང་དུས་ཡུན་རིང་པོར་མི་ཚེ་སྐྱེལ་མྱོང་མཁན་ཞིག་ཡིན་ཞིང༌། སྐབས་དེར་ཁོ་མོས་ཁ་མཚོན་ཆོད་པོའི་སྒོ་ནས་འཛམ་བུ་གླིང་འདིར་ཡར་རྒྱས་སུ་འགྲོ་བཞིན་འདུག གང་ཡིན་ཟེར་ན། དུས་རབས་༢༠པའི་དུས་འགོར་རང་ཉིད་ངོས་འཛིན་དང༌། འགྲོ་བ་མིའི་ཐོབ་ཐང་ཟེར་བའི་གོ་རྟོགས་རྩ་བ་ནས་ཡོད་པ་མ་རེད་ཅེས་གསུངས་བྱུང་ཞེས་འགྲེལ་བརྗོད་གནང་འདུགསྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆེས་རྗེས་མའི་ཆིབས་བསྒྱུར་ཕྱི་ལོ་༢༠༠༡ལོར་ བསྐྱངས་ཡོད་ཅིང༌། ཐེངས་འདིར་དབར་མི་ལོ་༡༠ཏག་ཏག་འགོར་ཡོད་པ་རེད། དུས་ཡུན་དེའི་རིང་ཨ་རིའི་མི་ནིང་སོ་ཊ་བོད་མིའི་ཚོགས་སྡེ་དང༌། ནེའུ་ཡོག་སོགས་སུ་ཚོད་དཔག་བྱས་པ་ཡིན་ན། ད་ལྟའི་ཆར་ཁྱོན་བོད་མི་༦༠༠༠ནས་༧༠༠༠བར་གནས་སྡོད་བྱས་ཡོད་ཅིང༌། གནས་སྡོད་བྱེད་མཁན་བོད་མིའི་མི་འབོར་མང་རུ་ཕྱིན་པར་བརྟེན། བོད་དོན་ལས་འགུལ་ཡང་སྔར་ལས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།དེར་བརྟེན་དུས་དྲན་དང་མཛད་སྒོ་མང་པོ་ཞིག་གི་ཐོག་༧གོང་ས་མཆོག་གདན་འདྲེན་ཞུ་བའི་ལས་འགུལ་ཞིག་མངོན་འོངས་ལ། དེ་བཞིན་དུ་གཞས་དང་ཞབས་བྲོ་ཟབ་སྦྱོང་དང༌། པར་རིས་འགྲེམས་སྟོན། གློག་བརྙན་གཟིགས་འབུལ། རིག་གཞུང་འཁྲབ་སྟོན། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་བགྲོ་གླེང་སོགས་ལས་འགུལ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད།སྐར་མའི་གླེངས་སྟེགས་ཞེས་པའི་ས་གནས་ཀྱི་ཚགས་པར་ Star Tribune ཐོག་གནས་ཚུལ་བཀོད་པར་ལྟར་ན། ཕྱི་ལོ་༡༩༩༠ཐམ་པ་ལོར་ཨ་རིའི་སྤྱི་འཐུན་གྲོས་ཚོགས་ནང་རྒྱ་གར་ནས་བོད་མི་སྐྱབས་བཅོལ་བ་༡༠༠༠ཐམ་པ་ཨ་རིར་གཞིས་སྤོའི་ཁོངས་སུ་ལེན་རྒྱུར་ཐག་གཅོད་བྱས་པ་ནས་བཟུང༌། བོད་མི་རྣམས་ཆེས་ཐོག་མ་གྲོང་ཁྱེར་དེའི་ནང་སྐྱབས་བཅོལ་དུ་ཡོང་བའི་རྦ་རླབས་དེ་ཕྱི་ལོ་༡༩༩༢ལོར་འགོ་བརྩམས་ཡོད་པ་རེད་ཅེས་བཀོད་འདུག   

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སྡོམས་རོགས།