ཨ་མཆོག་ནས་རང་ལུས་མེར་བསྲེཊ།
དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་ཐོག་ཏུ་བོད་མི་ན་གཞོན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་ཚེ་རིང་སྒྲོལ་མ། སྐྱེས་དམན་གྱི་མིང་ལ་ཡུམ་མཚོ་སྐྱིད་ཞུ་བཞིན་ཡོད་པ་དང་ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག
ཁོང་གིས་མེར་བསྲེགས་གནང་རྗེས་ས་གནས་དེ་རང་ལ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འབྱོར་ཏེ། དགོན་པའི་དགེ་འདུན་པ་རྣམས་བསྔོ་སྨོན་གསུང་དུ་ཕེབས་པ་བཀག་འགོག་བྱས་ཡོད་པ་མ་ཟད། ས་གནས་མང་ཚོགས་འདུ་འཛོམས་ཀྱང་བཀག་སྡོམ་བྱས་ཡོད་པ་དང་། ཉེ་འཁོར་སྡེ་བ་སོ་སོའི་སྐུ་ཚབ་རེ་གཉིས་མ་གཏོགས། སྐྱེ་ནང་སྡེ་བའི་མཐའ་འཁོར་དང་ལམ་ཁ་ཡོངས་བཀག་སྡོམ་བྱས་ཏེ་འདས་པོའི་ཁྱིམ་དུ་མི་མང་འདུ་འཛོམ་བྱེད་འཇུག་གི་མི་འདུག་ཟེར།
ཚེ་རིང་བཀྲ་ཤིས་ལགས་དེ་རིང་ཞོགས་པར་ཁོང་ནམ་རྒྱུན་ལྟར་ཕྱུགས་རྫིར་ཕྱིན་ཡོད་འདུག་ཅིང་། ཅུང་ཙམ་གྱི་རྗེས་སུ་ཕྱིར་རང་ཁྱིམ་དུ་ལོག་སྟེ་ཁོང་གི་ཨ་མ་ལགས་སུ། ངས་དེ་རིང་བོད་ལ་གྲལ་དག་ཅིག་གྱོན་དགོས་ཀྱི་འདུག་ཅེས་བཤད་ཡོད་འདུག སྐབས་དེར་ཨ་མས་ཀྱང་ཉིན་འདི་གར་གནམ་གཤིས་གྲང་མོ་ཡོད་སྟབས་བོད་ལ་གྱོན་ན་བཟང་གི་རེད་ཅེས་བོད་ལ་ཞིག་གྱོན་བཅུག་སྟེ་ཁོང་ཕྱིར་ཕྱུགས་རྫིར་ཕྱིན་ཡོད་འདུག རི་མགོའི་ཕྱུགས་ཟོག་ཡོད་སར་འབྱོར་སྐབས་ཁོང་གི་རོགས་པར། ཁྱོད་ཀྱིས་ངའི་ཕྱུགས་ཟོག་ལ་ཡུན་ཙམ་རིང་ལྟོས་དང་། ང་ཞང་ཐོག་ཏུ་སོང་སྟེ་ཕྱིར་ལམ་སང་ལོག་ཡོང་ཅེས་བརྗོད་དེ་ཕྱིན་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ནི་ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གི་དྲག་རྩུབ་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་དང་པོ་དེ་ཆགས་ཡོད་པ་དང་། འདས་པོ་ཁོང་ནི་ཨ་རིར་གནས་སྡོད་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས་ཀྱི་གཅེན་པོའི་བུ་ཡིན་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།