ྋགོང་ས་མཆོག་གིས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་སྐོར་བཀའ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ནང་སྲིད་ལས་ཁུངས་ཀྱི་ཅིན་ཏན་ཚོགས་ཁང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཌོག་ཊར་པ་ཝང་ཀུ་མར་ཅམ་གླིང་མཆོག་དང་ལྷན་བཞུགས་ཀྱིས་ཉིན་གསུམ་རིང་གི་སེམས་དང་སྲོག་གི་ཚན་རིག་ཚོགས་འདུ་ཚོགས་པའི་ཉིན་མཐའ་མའི་བགྲོ་གླེང་ཚོགས་འདུའི་ཐོག་ནང་སེམས་ཀྱི་ལྟ་གྲུབ་དང་དེང་དུས་ཚན་རིག་དབར་འགྲོ་བ་སྤྱི་ལ་ཕན་པའི་འབྲེལ་བ་གང་ཡོད་དམ། ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་གིས་བཀའ་སྩལ་དོན།

ངོས་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། སྤྱིར་བཏང་ལས་གཞི་གང་ཡིན་ཡང་དེ་ལ་སྐྱོན་བརྗོད་བྱ་རྒྱུ་ལས་སླ་པོ་རེད། སེམས་འཁུར་ཡོད་མཁན་གྱི་མི་སྣ་མང་པོས་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ལ་མི་ལྡང་བའི་ཆ་ཞིག་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་དེ་ལ་ཇི་ལྟར་བྱས་ཏེ་འགྱུར་བ་གཏོང་བའི་གནད་དོན་ཐད་དཀའ་ངལ་འཕྲད་བཞིན་ཡོད། ངོས་ལ་རིག་པ་འདོན་རྒྱུ་གང་ཡང་མེད། ངོས་ཀྱིས་དེང་དུས་ཀྱི་ཤེས་ཡོན་ཟེར་བ་གང་ཡིན་ཤེས་ཀྱི་མེད་ལ་ཉམས་མྱོང་ཡང་མེད། ངོས་ལ་དད་པ་བྱེད་མཁན་ཚོས་སྐབས་རེ་ང་ལ་ཐམས་ཅད་མཁྱེན་པ་ཞེས་བརྗོད་ཀྱི་ཡོད། ང་རང་གི་ངོས་ནས་དེ་འདྲ་ཡིན་སྙམ་པ་ནམ་ཡང་བྱེད་མ་མྱོང་ལ། དོན་དངོས་ཐོག་ངས་གང་ཡང་ཤེས་ཀྱི་མེད། ངོས་ཀྱིས་སེམས་འཁུར་ཡོད་མཁན་གྱི་མི་སྣ་ཐེངས་མང་ཐུག་པ་དེ་སྐབས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ལ་མི་ལྡང་བའི་ཆ་གང་ཞིག་ཡོད་པ་དང་། ད་ཆ་ང་ཚོ་དེ་སྐོར་ཉམས་ཞིབ་བྱེད་དགོས་པའི་གནས་དུས་ཤིག་ལ་སླེབས་ཡོད་སྐོར་བརྗོད་ཀྱི་ཡོད། དེ་སྔ་རྒྱལ་ཁབ་སོ་སོའི་ཤེས་ཡོན་སྲིད་བྱུས་ནི་རྒྱལ་ཁབ་རང་རང་གི་དམིགས་བསལ་ཁྱད་ཆོས་ཁོ་ནར་དམིགས་ཏེ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་སྲོལ་ཞིག་ཡོད་པ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་དང་། ད་ཆ་སློབ་ཕྲུག་ཚོར་ང་ཚོའི་འཛམ་གླིང་ཞེས་སྤྱི་ཡོངས་ཀྱི་བསམ་བློའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཆགས་ཡོད།

ངོས་རང་ཐེ་བའི་མི་མང་པོ་ཞིག་གིས་ཚན་རིག་གི་ལམ་ནས་རྙེད་པའི་གྲུབ་དོན་ལ་ཡིད་ཆེས་བརྟན་པོ་ཡོང་གི་ཡོད། ཚན་རིག་གིས་དངོས་ཡོད་གནས་ཚུལ་འཚོལ་སྒྲུབ་བྱེད་པ་ལས་ཡག་ཉེས་ཀྱི་རྣམ་གཞག་གང་ཡང་འབྱེད་ཀྱི་མེད། ནང་པའི་ཚན་རིག་གིས་ཀྱང་དེ་མཚུངས་བཟང་ངན་གྱི་རྣམ་གཞག་གང་ཡང་མ་འབྱེད་པར། དངོས་ཡོད་གནས་ཚུལ་འཚོལ་གྱི་ཡོད་པ་དེ་ནི་ཚན་རིག་གི་ལངས་ཕྱོགས་དང་གཅིག་མཚུངས་ཡིན། ལངས་ཕྱོགས་དེ་རྨང་གཞིར་བཞག་སྟེ། ཆོས་རྣམས་བཟང་ངན་དང་ཁེ་གྱོང་ཇི་ཡོད་ཀྱི་རྣམ་གཞག་གཏན་ལ་འབེབས་སྐབས། བཟང་སྤྱོད་ཀྱི་སྐད་ཆ་དེ་སླེབ་ཡོང་གི་ཡོད། བཟང་སྤྱོད་ནི་གཞི་རྩའི་ཐོག་འགྲོ་བ་མི་རིགས་ལ་གལ་ཆེན་པོ་ཡིན་པ་དེ་དག་ཚན་རིག་གི་ལངས་ཕྱོགས་དང་མཐུན་པ་ཡིན་པ་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་གྲུབ་ཐུབ། ང་ཚོའི་ལུས་ཕུང་གྲུབ་སྟངས་ཀྱི་ཆ་ནས་ཀྱང་བཟང་སྤྱོད་དེ་གལ་ཆེན་པོ་ཆགས་ཡོད། དུད་འགྲོ་ཚོས་ཀྱང་རང་གི་བྱ་སྤྱོད་རིགས་གཅིག་གིས་རང་ཉིད་ལ་བདེ་བ་ཡོང་གི་ཡོད་པ་དང། རིགས་གཅིག་གིས་སྡུག་བསྔལ་ཡོང་གི་ཡོད་པ་ཤེས་ཀྱི་ཡོད། ཁོང་ཚོར་ཆོས་དང་ཤེས་ཡོན་མེད། འོན་ཀྱང་ལུས་ཕུང་གི་ཚོར་ཤེས་ཐོག་ནས་བཟང་ངན་འབྱེད་ཤེས་ཀྱི་ཡོད། དེ་གལ་ཆེན་པོ་རེད་བསམ་གྱི་འདུག ལྟ་ཕྱོགས་འདི་ནི་ང་ཚོའི་ལུས་ཕུང་གྲུབ་སྟངས་ཀྱི་ཐོག་ནས་བརྗོད་པ་ཞིག་ཡིན། ང་ཚོས་ཕྱོགས་ཡོངས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་བཟང་སྤྱོད་གལ་ཆེ་ཆུང་ཇི་ཙམ་ཡིན་མིན་ཤེས་པ་བྱ་རྒྱུ་དེ་ཡིན། ང་ཚོས་བྱ་བ་གང་ཞིག་བརྩམས་པ་དེ་དག་ནས་འགའ་ཞིག་འཕྲལ་དུ་ཕན་པ་ལྟ་བུ་ཡོད་ཀྱང་ཕུགས་ལ་གནོད་པ་དེ་འདྲ་ཡོང་གི་ཡོད། ང་ཚོས་འགྲོ་བ་མིའི་བཟང་སྤྱོད་སྐོར་སྐད་ཆ་ཤོད་ཀྱི་ཡོད། ང་ཚོར་བློ་གྲོས་ཡོད་ལ་སེམས་ཚོར་འགའ་ཞིག་ནི་ལྷན་སྐྱེས་སུ་ཡོང་བ་དང་འགའ་ཞིག་སྦྱོང་བརྡར་བྱས་ཏེ་ཡོང་གི་ཡོད། སྦྱོང་བརྡར་བྱས་ཏེ་བྱུང་བའི་སེམས་ཚོར་དེ་རིགས་ནི་རྒྱུ་མཚན་ལ་གཞི་བཅོལ་བ་ཞིག་ཡིན་པ་དང་། ལྷན་སྐྱེས་སུ་བྱུང་བའི་སེམས་ཚོར་དེ་རིགས་ནི་ལུས་ཕུང་ཀྱི་བྱེད་ལས་ཐོག་ནས་ཡོང་གི་ཡོད། སེམས་ཚོར་དེ་རིགས་དུད་འགྲོ་གཞན་ལའང་ཡོད་པ་གཅིག་མཚུངས་ཡིན། ཉམས་ཞིབ་དང་རྒྱུ་མཚན་ལ་གཞི་བཅོལ་བའི་སེམས་ཚོར་སྐྱེས་པ་དེ་ནི་འགྲོ་བ་མི་གཅིག་པུ་ཡིན། ད་ཆ་ང་ཚོས་བཟང་སྤྱོད་ཅེས་བརྗོད་པ་འདི་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་སྐོར་ཤོད་ཀྱི་ཡོད། དེ་ལ་ཉམས་ཞིབ་མང་ཙམ་བྱེད་དགོས་པ་མཐོང་གི་འདུག
དུས་སྐབས་མང་པོར་ངོས་ཀྱིས་སེམས་འཁུར་ཡོད་མཁན་གྱི་མི་སྣ་ཚོ་དང་མཉམ་དུ་བསམ་ཚུལ་བརྗེ་ལེན་བྱས་པ་དང་། དེ་ལྟར་ཉམས་ཞིབ་བྱས་ཏེ་གྲུབ་འབྲས་གང་བྱུང་བ་རྣམས་ཁ་གསལ་བཟོས་ཏེ། རིམ་པས་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱས་ཏེ་ལོ་གཉིས་གསུམ་སོང་རྗེས་གལ་ཏེ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་བྱུང་ན། ལས་གཞི་དེ་རྒྱ་ཆེ་རུ་བཏང་ནས་སློབ་གྲྭ་བརྒྱ་ཉིས་བརྒྱ་ཙམ་གྱི་ནང་ལས་གཞི་དེ་སྤེལ་རྒྱུ་གལ་ཆེན་པོ་མཐོང་གི་འདུག དགེ་རྒན་ཚོས་སློབ་ཕྲུག་ལ་བྱམས་བརྩེའི་སྐོར་སློབ་ཁྲིད་བྱེད་སྐབས་བྱམས་བརྩེའི་རྣམ་འགྱུར་ཡིག་ཐོག་ནས་སྟོན་མི་ཐུབ་པར་ལུས་ཀྱི་རྣམ་འགྱུར་གྱིས་ལམ་ནས་སྟོན་དགོས་པ་ཡིན། དགེ་རྒན་ཚོས་བྱམས་བརྩེ་ཞེས་ཁ་ནས་སྙན་པོ་བཤད། དོན་དུ་མི་གཞན་ལ་ཁྱད་གསོད་དང་ཚིག་རྩུབ་སྨྲ་བ་སོགས་བྱས་ཚེ། སློབ་ཕྲུག་ཚོས་དགེ་རྒན་དེས་ཁ་དན་ཚིག་ལ་མི་གནས་པ་བྱེད་ཀྱི་འདུག་སྙམ་པ་ཡོང་རྒྱུ་ཡིན། དེར་བརྟེན་བྱམས་བརྩེའི་སློབ་ཁྲིད་བྱེད་སྐབས། དགེ་རྒན་རང་ཉིད་ཀྱིས་ཀུན་སློང་རྣམ་པར་དག་པའི་ཐོག་ནས་གཞན་ལ་བྱམས་བརྩེ་སྟོན་དགོས། དེའི་ཆེད་དུ་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག འདིར་ཕེབས་མཁན་ཚོས་ཀྱང་ནང་ཁུལ་ཚོགས་ཆུང་ཆ་བགོས་ཀྱིས་གནད་དོན་དེའི་ཐོག་གོ་བསྡུར་ཞིབ་ཕྲ་གནང་རྗེས། སློབ་གྲྭ་ཆུང་བ་དེ་འདྲ་ལ་གཟིགས་སྐོར་སོགས་སུ་ཕེབས་གནང་ཐུབ་ན་ཡག་པོ་ཡོང་གི་རེད། དགེ་རྒན་ཚོས་ཀྱང་ཁོང་ལས་ང་ཤེས་ཚད་ཡག་པ་ཡོད་བསམ་ན་དེ་ནི་ང་རྒྱལ་ཡིན། དགེ་རྒན་ཚོས་རང་ཉིད་ཞབས་ཞུ་བ་ཞིག་ཡིན་བསམ་པ་བྱེད་དགོས། ནང་ཆོས་ནས་བརྗོད་པ་ཡིན་ན། བྱང་ཆུབ་སེམས་དཔའི་བསམ་བློ་གཏོང་སྟངས་དེ་གལ་ཆེན་པོ་ཡིན། ང་ཚོས་གཞི་རྩའི་འགྲོ་བ་མི་རིགས་སྤྱི་ལ་ཁྱབ་པའི་བཟང་སྤྱོད་སྐོར་ཤོད་དུས་ཆོས་ལུགས་ཀྱི་སྐོར་གང་ཡང་ཤོད་རྒྱུ་མེད། ཆོས་ལུགས་དང་འབྲེལ་ནས་བརྗོད་ཚེ་རྙོག་དྲ་ཚ་རུ་འགྲོ་རྒྱུ་ཡིན།

མཐའ་དོན་ངོས་རང་ཚོགས་འདུ་འདིར་ཡོང་ཐུབ་པར་དགའ་པོ་བྱུང། འབྲས་ལྗོངས་མངའ་གཞུང་གི་གོ་སྒྲིག་ཚགས་ཚུད་འོག་འབྲས་ལྗོངས་ཀྱི་མི་མང་ཚོ་དང་ཐུག་རྒྱུ་བྱུང་བར་མ་ཟད། གནས་ཆེན་ཁག་ལ་འགྲོ་ཐུབ་པ་བྱུང། མངའ་སྡེའི་བློན་ཆེན་མཆོག་གིས་དམིགས་བསལ་ཐུགས་ཁུར་བཞེས་ཏེ་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག འདིར་ཉིན་ཤས་ལས་བསྡད་མེད་ཀྱང། ངོས་ཀྱིས་འབྲས་ལྗོངས་མི་མང་ཚོའི་བདེ་དོན་ཆེད་ཞབས་འདེགས་ཕྲན་བུ་ཞུ་ཐུབ་ཡོད་པའི་རེ་བ་བྱེད་བཞིན་ཡོད། ཅེས་བཀའ་སྩལ།། །།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།