ཨ་རིའི་གཞུང་ཚབ་པ་ཆེན་མོས་སྣེ་ལེན་ཁང་དབུ་འབྱེད།
Carly Selby-James, The Tibet Post International རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༢ཚེས་༢༤ཉིན། ཟླ་འདིའི་ཚེས་༢༣ཉིན་ཨ་རིའི་གཞུང་ཚབ་པ་ཆེན་མོ་སྐུ་ཞབས་ཊི་མོ་ཐི་རི་མར་ལགས་ཀྱིས། བོད་གཞུང་དབུས་སྣེ་ལེན་ཁང་གསར་པ་དབུ་འབྱེད་གནང་ཡོད་པ་དང༌། སྐབས་དེར་གསར་དུ་སླེབས་པའི་བོད་མི་བརྒྱ་ལྷག་ཙམ་ཞིག་གིས་ཁོང་ལ་ཕེབས་བསུ་ཞུས་ཡོད། སྣེ་ལེན་ཁང་གསར་པ་དབུ་འབྱེད་གནང་དང་ཆབས་ཅིག སྣེ་ལེན་ཁང་གསར་པའི་ཉེ་འགྲམ་དུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་གཟིགས་སྐོར་ཕེབས་ནས། སློབ་མ་ཁག་ཅིག་གི་བསམ་ཚུལ་རྒྱུས་ལོན་བྱས་ཡོད་འདུག
བོད་གཞུང་དབུས་སྣེ་ལེན་ཁང་གསར་པ་ནི། ཨ་རིའི་གཞུང་དང་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་རོགས་སྐྱོར་འོག་གསར་རྒྱག་བྱས་པ་ཞིག་དང༌། དེའི་ནང་འགྲོ་སོང་བརྒྱ་ཆ་༦༥ཨ་རིའི་གཞུང་གིས་གནང་བ་ཞིག་ཡིན་འདུག སྣེ་ལེན་ཁང་གསར་པའི་ནང་ད་ལྟ་བར་དུ་ཁྱོན་བོད་ནས་གསར་དུ་མི་གྲངས་༥༠༠ཙམ་ཕེབས་འབྱོར་བྱུང་ཟིན་ཡོད་པ་རེད།
ཡང་དེ་རིང་ཕྱི་ཚེས་༢༤ཉིན་ཁོང་གིས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་གཟིགས་སྐོར་བྱས་ཡོད་པས་མ་ཚད། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་ནས། གཙོ་བོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། བོད་ནང་གི་ཁོར་ཡུག་གི་གནས་སྟངས། དེ་བཞིན་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དབར་བོད་རྒྱ་ཞི་མོལ་བཅས་ཀྱི་ཐད་༧གོང་ས་མཆོག་དང་ལྷན་དུ་བཀའ་མོལ་གནང་ཡོད་འདུག
ད་ནང་ཞོགས་པ་སྐུ་ཞབས་ཊི་མོ་ཐི་རི་མར་ལགས་ཀྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་གྲུབ་རྗེས་ཕོ་བྲང་གི་མདུན་ཐང་དུ། ཐེངས་འདིར་ངོས་རང་དྷ་རམ་ས་ལ་རུ་དངོས་སུ་སླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ལ། འདི་ནི་དེ་སྔོན་ཨ་རིའི་གྲོས་ཚོགས་འོག་མིའི་ཚོགས་གཙོ་ནེ་སི་པི་ལོ་སི་མཆོག་དང༌། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སློབ་སྟོན་པའི་གཙོས་པའི་གཞུང་གི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་རམ་ས་ལར་ཕེབས་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང༌། ཐེངས་འདིར་ངོས་ཀྱིས་མཇུག་སྐྱོང་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་ཁོང་གིས་ད་ལྟའི་དུས་རབས་འདི། ཚན་རིག་དང་འཕྲུལ་ཆས་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་འདིར། རྒྱལ་སྤྱིའི་ཆབ་སྲིད་ཚོགས་འདུ་ལ་སོགས་པའི་ཐོག ཆབ་སྲིད་ཁོ་ནའི་གནས་སྟངས་སྐོར་སྐད་ཆ་ཤོད་ཀྱི་ཡོད་པ་རེད། འོན་ཀྱང་༧གོང་ས་ཏཱ་ལའིོ་བླ་མཆོག་གིས། ཆབ་སྲིད་ཀྱི་གནས་བབས་ཙམ་དུ་མ་ཟད་པའི་འཛམ་གླིང་ཞི་བདེ་དང༌། ཆོས་ལུགས་འཆམ་མཐུན། གཞན་ཡང་མི་མང་ལ་བསླབ་བྱ་དང་བཀའ་སློབ་མང་པོ་ཞིག་གནང་བཞིན་ཡོད་པ་རེད། དེར་བརྟེན་ང་རང་རྒྱུན་དུ་༧གོང་ས་མཆོག་ལ་སེམས་གཏིང་ནས་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།