པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

༄༅། །ཨོཾ་སྭ་སྟི། །དཔལ་ལྡན་སྟོབས་བཅུའི་དཔལ་མངའ་ཤཀྱའི་རྒྱལ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་སོགས། །སྐྱབས་ཡུལ་རབ་འབྱམས་རྒྱལ་བའི་ཚོགས་རྣམས་ཀྱིས། །དེང་འདིར་དགེ་ལེགས་རྒྱ་མཚོའི་ཆར་ཆེན་ཕོབས། །ཇི་སྙེད་མོས་ཁམས་རྒྱ་མཚོའི་རྗེས་སོང་བའི། །སྒྱུ་འཕྲུལ་བཀོད་པ་མ་འགགས་མཐའ་ཀླས་པས། །བྱེ་བ་ཕྲག་བརྒྱའི་ཞིང་རྣམས་ལེགས་སྐྱོང་བ། །དཔལ་ལྡན་ཐུབ་པ་རྣམས་ཀྱི་ཁྱད་ཆོས་ཉིད། །བསིལ་རིའི་ཕྲེང་མཛེས་བྷོ་ཊའི་རྒྱལ་ཁམས་སུ། །མཁས་དང་གྲུབ་པའི་དཔལ་ཡོན་ཡོངས་རྫོགས་པའི། །དམ་པའི་འཁྲུངས་རབས་ཚར་དུ་དང་བ་ཡིས། །བསྟན་ལ་སྟོན་པའི་རྣམ་ཐར་རྨད་དུ་བྱུང་། །བློ་བཟང་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་མགོན། །རིམ་བྱོན་ཀུན་གཟིགས་ཀྱི་མཚན་སྙན་པ་ཅན། །སྐྱེས་མཆོག་ཨུ་དུམ་ཝ་རའི་ཕྲེང་བ་ཡིས། །ལུང་རྟོགས་ཐུབ་བསྟན་བ་གམ་མངོན་པར་མཛེས། །ཉི་མའི་ཉིན་གྱི་མདོ་སྔགས་བསྟན་པའི་སྲོལ། །འཛིན་མཁས་དགེ་འདུན་འདུས་པའི་གཙུག་གི་རྒྱན། །ཡེ་ཤེས་སྒྲིབ་བྲལ་འཕྲིན་ལས་ཕུན་སུམ་ཚོགས། །སྐྱེ་རྒུའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །རྒྱ་ཆེན་བསྟན་འགྲོའི་ནོར་འཛིན་སྐྱོང་བ་ལ། །ཟླ་མེད་མཁྱེན་བརྩེ་ནུས་པའི་དཔལ་ཡོན་རྫོགས། །དོན་དམ་དགེ་ལ་རབ་འདུན་སྐལ་ལྡན་ཚོགས། །སྨིན་མཛད་འགྲོ་བའི་མགོན་པོར་བརྟན་བཞུགས་གསོལ། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །མཁྱེན་རབ་ཡེ་ཤེས་སྣང་བ་ལྷམ་མེར་གསལ། །ཁམས་གསུམ་མ་རིག་མུན་སེལ་འཕྲིན་ལས་ཅན། །བསྟན་འགྲོའི་ཉི་མ་ཆེན་པོར་ཞབས་བརྟན་ཤོག །སྤངས་རྟོགས་ཕུན་ཚོགས་ནོར་བུའི་མཛོད་བརྙེས་སོང་། །དཔལ་ལྡན་སྡེ་བཞིའི་འབྱོར་པ་བཟང་པོ་ཡིས། །གངས་ཅན་འགྲོ་ལ་རྫོགས་ལྡན་གསར་པའི་དཔྱིད། །འདྲེན་པའི་བྱེདཔོ་མཆོག་ཏུ་ཞབས་བརྟན་ཤོག །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་དྲི་མེད་སྲིད་ཐར་ལེགས་སྐྱོང་སླད། །རྨད་བྱུང་ཁམས་བཙུན་བཟང་པོའི་ཡོན་ཏན་ཀུན། །ལྷུན་རྫོགས་འགྲོ་བའི་བླ་མར་ཞབས་བརྟན་གསོལ། །གང་ལ་རྩེ་གཅིག་དད་གུས་ཟབ་མོ་ཡིས། །བསྙེན་ཅིང་གསོལ་བ་འདེབས་པའི་གུས་སློབ་སོགས། །མཐའ་ཡས་ཡིད་ཅན་ཆོས་མཐུན་བསམ་དོན་ཀུན། །འབད་མེད་འགྲུབ་པའི་དགེ་མཚན་ཡུན་གནས་ཤོག །མདོར་ན་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བཅུད། །གང་གི་གསང་གསུམ་ཟུངས་སུ་ལེགས་སྨིན་ཏེ། །མཐའ་དག་འགྲོ་འདི་འཕྲལ་དང་གཏན་བདེའི་སར། །འགོད་པའི་བཞེད་དོན་ལྷུན་གྱིས་འགྲུབ་གྱུར་ཅིག །མཆོག་གསུམ་བྱིན་དང་རྟེན་འབྱུང་ཆོས་ཉིད་སྟོབས། །སྲིད་གསུམ་བདག་མོ་བེག་རྩེ་ལྕམ་དྲལ་སོགས། །དམ་ལྡན་བསྟན་སྲུང་ཚོགས་ཀྱི་འཕྲིན་ལས་མཐུས། སྨོན་པའི་གནས་ཀུན་གེགས་མེད་འགྲུབ་གྱུར་ཅིག།