ངེས་ཅན་གྱི་ལས་གུལ་ཁག༼ཆབ་སྲིད།༽

ལྷན་འཛོམས་ཀྱི་དུས་ཆེན་ཁག

༡༽ གསུམ་བཅུའི་དུས་དྲན་གྱི་ཞི་རྒོལ།

གསུམ་བཅུའི་དུས་དྲན་ཞེས་པ་ནི། ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་པ་ ༡༠ ཉིན་མོར་ངོས་འཛིན་བྱེད་དགོས། དུས་ཆེན་རྗེས་དྲན་ཇི་ལྟར་བྱ་དགོས་བྱུང་བ་ནི། ཕྱི་ལོ་ ༡༩༥༡ གོང་དུ་ཕ་ཡུལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང༌། ལོ་དེའི་ཟླ་བ་ ༥ ཚེས་ ༢༣ ཉིན་གྲོས་དོན་དོན་ ཚན་ ༡༧ ལ་རྒྱ་དམར་དྲག་པོའི་བཙན་གནོན་གྱིས་མིང་རྟགས་མི་བཀོད་ཐབས་ཟད་དུ་གྱུར་པས་ དེ་ནི་འཆིང་ཡིག་གྲོས་མཐུན་གྱི་ཐོག་ནས་རང་དབང་རང་བཙན་འཐབ་རྩོད་ལ་ཟློག་ཏུ་མེད་པའི་འགོག་རྐྱེན་བཟོ་བའི་དུས་ངན་ཞིག་ཀྱང་ཆགས་ཡོད། སྐབས་དེར་མིང་རྟགས་སྡིགས་ར་བཙན་ཤེད་ཀྱིས་འགོད་དུ་བཅུག་པ་དང༌། ཆབས་ཅིག་བོད་གཞུང་གི་དམ་ཕྲུག་བཅས་ནས་རྫུ་ཕབས་བེད་སྤྱོད་བྱས་པ་བོད་མི་ཚོས་གསལ་པོར་ཤེས་ཀྱི་ཡོད། གྲོས་དོན་དོན་ཚན་ ༡༧ དེར་ལོ་ཡུན་ ༩ རིང་བོད་ལྗོངས་སྐྱེས་འགྲོའི་མགོན་སྐྱབས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་འཆིང་ཡིག་གྲོས་དོན་གཞིར་བཟུངས་བསྟན་སྲིད་བདེ་ཐབས་ལ་འབད་བརྩོན་གནང་ཡང༌། རྒྱ་དམར་གཞུང་ནས་ཁ་ཚིག་ལག་ལེན་དུ་མི་གནས་པར་ ཉིན་རེ་ནས་ཉིན་རེ་བོད་ས་བཙན་བཟུང་རྒྱ་བསྐྱེད་ཀྱིས་མཐར་བོད་མིར་སྔར་མ་བྱུང་བའི་མི་ཤི་གཏོར་བཅོམ་གྱི་གོད་ཆག་དམྱལ་བ་མི་ཡུལ་དུ་ མྱོང་དགོས་པ་ལྟར་བྱུང་ཡོད། ལྷག་དོན་༧གོང་ས་མཆོག་གི་སྐུ་ཕྱ་ལའང་མི་བཟོད་པའི་ངན་གཤོམས་བྱ་རྒྱུའི་བྱུས་ངན་བཏིང་པ་དེ་བོད་མིས་ཤེས་རྟོགས་བྱུང་བར་བརྟེན། བོད་མིའི་སྙིང་ཁོངས་ནང་རིང་ནས་བསགས་པའི་ཟུག་རྔུ་རླུང་ནག་གི་དུད་སྤྲིན་ཡོངས་སུ་འཕྱུར་ནས་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ལ་མ་བསྐུལ་དང་བླངས་ཀྱིས་བོད་རྒྱ་ཆེའི་མི་མང་ནས་རྒྱལ་ས་ལྷ་སར་བསྟན་གཤེད་རྒྱ་དམར་ལ་རྔམ་སྟོན་ངོ་རྒོལ་དྲག་པོའི་མེ་ལྕེ་འབར་བ་ཞིག་བྱས་ཡོད། དེ་འདྲའི་ངོ་རྒོལ་དེ་མུ་མཐུད་ནས་བོད་རིགས་མི་མང་ནས་ དེང་བར་བྱས་པ་རེད་ལ། མ་འོངས་བདེན་མཐའ་མ་གསལ་བར་དུ་དེ་ལྟར་མུ་མཐུད་གནས་རྒྱུ་རེད། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་ནི། བོད་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་བྱུང་བའི་རྗེས་དྲན་ཞིག་ཀྱང་ཡིན། སྐབས་དེར་མི་རིགས་དང་རྒྱལ་ཁབ། རིག་གཞུང་དང་བསྟན་སྲིད་སླད་ རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་ཚོ་མང་པོས་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏང་པའི་རྨད་བྱུང་སྙིང་སྟོབས་ལ་ ཆེས་གུས་བཀུར་ངང་རྗེས་དྲན་ཞུ་རྒྱུ་ཡིན། ལྷག་དོན་ཁོང་ཚོའི་སྙིང་སྟོབས་དེ་མི་རབས་ཕྱི་མ་རྣམས་ཀྱིས་རྟག་ཏུ་ཡིད་ལ་བཅངས་ནས་ཕ་ཤུལ་བུ་འཛིན་བྱེད་དགོས་པའི་ཉིན་མོ་ཞིག་ཡིན། མདོར་ན་གསུམ་བཅུའི་དུས་དྲན་ནི། བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་རང་དབང་བོད་ས་ཡོངས་རྫོགས་དགྲ་བོ་དམར་པོས་མགོ་སྐོར་བླུ་བྲིད་དང༌། བཙན་ཤེད་ཧམ་འཕྲོགས་གིས་རྒྱ་འོག་ཏུ་ཤོར་བའི་ཉིན་ངན་ཞིག་ཡིན་པས་ བོད་རིགས་མི་མང་དང་བོད་དོན་རྒྱབ་སྐྱོར་ཚོགས་མིས་རྒྱ་མི་དམར་པོའི་གཞུང་ཚབ་མདུན་ལོ་ལྟར་ཞི་རྒོལ་གཞི་རྒྱ་ཆེན་པོ་བྱེད་ཀྱི་ཡོད།

༢༽ མཉམ་འབྲེལ་རྒྱལ་ཚོགས་མདུན་ཞི་རྒོལ།

སུད་ཛར་ལནཌའི་གྲོང་འཁྱེར་ཇི་ནི་ལྦ་ན་ལོ་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་འཚོགས་ཀྱི་ཡོད། ད་ལོ་ཚོགས་ཐེངས་ ༥༨ པ་དེ་ཚོགས་པ་རེད། རྒྱལ་ཚོགས་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༨ ནས་ཟླ་བ་ ༤ ཚེས་ ༢༦ བར་ཚུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་དབུ་འབྱེད་ཉིན་མོར་ འདིར་ཡོད་བོད་རིགས་མི་མང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐབས་སྡུག་ཡོད་པའི་ཞི་རྒོལ་ལོ་ལྟར་གཞི་གང་རྒྱ་ཆེ་བྱེད་ཀྱི་ཡོད་པ་བཞིན་གནང་ཡོད་པ་རེད། དེ་ཉིན་གསར་འགོད་པ་དུ་མ་ཕེབས་ཀྱི་ཡོད་པར་ ས་གནས་དོན་གཅོད་དམ་མི་མང་གི་ཚོགས་གཙོས་རང་རེའི་གནས་ཚུལ་གསལ་བཤད་ཀྱིས་ མི་མང་པོས་རང་རེའི་གནས་ཚུལ་གསར་ཤོག་བརྒྱུད་ནས་ཤེས་རྟོགས་ཀྱིས་ཁྱབ་སྤེལ་ཡོང་གི་ཡོད། ལྷག་པར་དེ་ཉིན་ཚོགས་ཕེབས་ཚོར་༧གོང་ས་མཆོག་ནས་གསུམ་བཅུའི་དུས་དྲན་སྐབས་བསྩལ་བའི་བཀའ་སློབ་དབྱིན་ཇིར་ཕབ་བསྒྱུར་གྱིས་འགྲེམས་སྤེལ་གནང་གི་ཡོད། གཞན་ཡང་ཕྱི་ཟླ་ ༤ ཚེས་ ༥ ཉིན་བོད་རིགས་མི་མང་ནས་སླར་ཞི་རྒོལ་གནང་ཡོད་པ་རེད། ས་གནས་དོན་གཅོད་ཀྱི་ཐབས་ཤེས་བརྒྱུད་ད་ལོ་འདིར་ཕེབས་རྒྱ་ཡི་གྲ་བཞི་བཙོན་ཁང་དུ་ཡུན་གནས་ཆབ་སྲིད་བཙོན་ཟུར་བཙུན་མ་ཀུན་བཟང་ལགས་དང༌། པ་སངས་ལགས་རྣམ་གཉིས་ནས་ཚོགས་ཁང་ནང་རང་གི་མྱོང་བ་ཞུས་ཡོད་པ་རེད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ནི་བོད་མི་ཚང་མའི་ལས་འགན་ཡིན་པ་་བསམ་བརྗོད་དུ་མེད་པས། འདིར་ཡོད་བོད་རིགས་མི་མང་ནས་ཅི་ནུས་ཀྱིས་ལས་སུ་ཞུགས་ཀྱི་ཡོད་པ་རེད།

༣༽ འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཞི་རྒོལ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐབས་སྡུག་ཡོད་པའི་གནས་ཚུལ་ཁྱབ་སྤེལ་སླད་ སུད་སི་གྲོང་འཁྱེར་འཛུ་རིག་རྒྱ་ཡི་གཞུང་ཚབ་མདུན་ནམ་གྲོང་འཁྱེར་ན་མར་མེའི་ཁྲོམ་སྐོར་གྱིས་ཞི་རྒོལ་གནང་གི་ཡོད། དེང་བར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་ ༥༢ སྲུང་བརྩྀ་ཞུས་ཟིན་ཅིང་ཐེངས་ ༥༣ པ་དེའང་འཆར་ཉེ། ཉིན་མ་ཁྱད་པར་ཅན་དེ་ནི་འཛམ་གླིང་ནང་དམག་ཆེན་དང་གཉིས་བྱུང་རྗེས་འགྲོ་བ་མིར་ཐོབ་ཐང་འདྲ་མཉམ་གཅིག་མཚུངས་མེད་ན་མི་འགྲིག་པ་དང་ གཞན་ཡང་ཐོབ་ཐང་འདྲ་མཉམ་མེད་པ་ནི་མིའི་བཟང་སྤྱོད་དང་མི་མཐུན་པསའགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞེས་འཇོག་གནང༌། ལྟ་སྤྱོད་ཡང་དག་གི་སྒོ་ནས་ཉིན་མ་ཞིག་བཞག་ཡོད་པར་བརྟེན་འཇིག་རྟེན་འདིའི་ནང་སྟོབས་ལྡན་མི་རིགས་ཀྱི་རྒྱལ་ཁབ་པས་གྲངས་ཉུང་མི་རིགས་ཀྱི་བདེ་སྐྱིད་དང་མངོན་འདོད་རྡོག་རོལ་བཏང་བའི་ལོ་རྒྱུས་ངན་པ་དེ་རིགས་སླར་མི་ལྡོག་པའི་ཁེ་ཕན་ཡོད་པ་དང༌། མི་མང་གི་མངོན་འདོད་རྡོག་རོལ་གཏོང་བཞིན་པ་རྣམས་འགོག་ཐབས་ཀྱི་རྒྱབ་སྐྱོར་རོགས་འཚལ་སླ་བ་དང༌། གཏོང་བར་འགྱུར་བ་རྣམས་འགོག་ཐབས་དང་རེ་བ་བཅོལ་ས་ཡག་པོ་ཞིག་ཡོང་གི་ཡོད་པ་དངོས་འབྲེལ་རེད། ཉིན་མོ་དེ་བཞིན་རང་རིགས་གཙོས་ཐོབ་ཐང་ཕོངས་པའི་མི་རིགས་རྣམས་ཀྱིས་རང་གི་ཐོབ་ཐང་རྩོད་རྒྱུའི་དུས་ཚོད་ཅིག་རེད། ང་ཚོ་བོད་མིའི་མངོན་འདོད་རྒྱ་མི་གུང་ཕྲན་གྱིས་རྡོག་རོལ་བཏང་ནས་ལོ་ངོ་ཧྲྀལ་པོར་ ༥༠་ འདས་ཟིན་གྱི་ཡོད་ནའང་ད་དུང་མཚམས་འཇོག་མེད་པར་མུ་མཐུད་དེ་བཙན་དབང་གཏོང་བཞིན་པ་དེ་དག་མཚོན་ཆེད་ང་ཚོས་ཉིན་མོ་དེར་ཞི་བའི་ཁྲོམ་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་གནང་གལ་ཆེ་བ་བཞིན་གནང་གི་ཡོད་པ་རེད། གལ་ཏེ་ང་ཚོས་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་ཚུལ་ཁྱབ་སྤེལ་མི་བྱེད་པ་དང་ཐོབ་ཐང་དགོས་པའི་ཁྱབ་བསྒྲགས་མི་བྱེད་པར་གནས་ན་ དེས་རང་ཅག་རྣམས་ལ་ཐོབ་ཐང་ཏག་ཏག་རག་གི་ཡོད་པར་མཚོན་པ་མ་ཟད། རང་ཡུལ་དེ་རྒྱ་ཁོངས་ཡིན་པའང་ཁས་ལེན་གྱི་ཡོད་པར་འགྲེལ་རུང་བར་མངོན། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ཞེས་བོད་གངས་ཅན་ལྗོངས་དེ་བོད་མིའི་ཐོབ་ཐང་ཡིན་ནའང་རང་རིགས་ཕ་ཡུལ་ན་རྒྱའི་བཙན་འོག་ཏུ་ངལ་བ་སྟུད་མར་འཕྲད་བཞིན་པ་དང་ ང་ཚོ་འདིར་སྐྱབས་བཅོལ་བའི་མིང་ཐོག་ཏུ་གནས་དགོས་པ་རང་ས་རང་བདག་གི་ཐོབ་ཐང་རྒྱས་བཙན་འཕྲཽག་བྱས་པའི་རྣམ་པ་ཡང་དག་དེ་བོད་རིགས་མི་མང་ནས་རྟག་ཏུ་ཁྱབ་བསྒྲགས་བྱེད་པ་རེད་ལ་མ་འོངས་བདེན་མཐའ་མ་གསལ་བར་དུ་ཡང་ བྱ་ངེས་རེད།

ལྷན་འཛོམས་ཀྱི་དུས་ཆེན་ཁག

འཐུས་ཚོགས་ནས་ལོ་གཅིག་གི་ནང་དུས་ཆེན་གསུམ་གོ་སྒྲིག་ཞུ་གི་ཡོད་པ་རེད། དུས་ཆེན་གྲ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་རིགས་མི་མང་ནང་ཁུལ་གྱི་མཛའ་བརྩེའི་མདུད་པ་མི་མཉམ་པ་དང་མཉམ་པ་སོར་ཆུད། དེ་བཞིན་རང་རེའི་སྐད་ཡིག་དང་རང་ལུགས་བརྒྱུད་འཛིན་དྲན་གསོའི་གོ་སྐབས་ཡོད་པ་དང༌། ཞར་བྱུང་དུ་བོད་རིགས་མི་མང་གི་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ཏེ་དུས་ཆེན་གྲ་སྒྲིག་ཞུ་གི་ཡོད་པ་རེད།

༢༽ ༧སྐུའི་འཁྲུངས་སྐར་དུས་ཆེན།

བོད་རིགས་མི་མང་གི་འཐུས་མིའི་ལྷན་ཚོགས་ནས་དུས་ཆེན་གྱི་ནང་ནས་དུས་ཆེན་ཁྱད་འཕགས་༧སྐུའི་འཁྲུངས་སྐར་དུས་ཆེན་གྲ་སྒྲིག་ཞུ་གི་ཡོད་པ་རེད། སྐུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་འདིར་ཡོད་བོད་མི་ཕལ་ཆེར་ལྷན་འཛོམས་གནང་གི་ཡོད། འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་ཞོག་པ་ཚོུད་ ༩ རི་ཀོན་དགོན་པར་གཞུང་འབྲེལ་གྱི་སྤྱི་འཐུས། དོན་གཅོད། མི་མང་ཚོགས་གཙོ་ཕེབས་ཡོད་ཐོག ཆོལ་གསུམ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་གཙོ་ཁག་དང་མི་མང་མཉམ་འཛོམས་ཀྱིས་རྒྱལ་བའི་ཞབས་བརྟེན་དང་འཁྲུངས་ལྷ་གསོ་བ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་གནང་གི་ཡོད། ཉིན་རྒྱབ་ཆོུད་ ༣ སྤྲོ་སྐྱིད་ལྷན་འཛོམས་ཀྱི་སྐུ་མགྲོན་དུ་དགོན་པའི་མཁན་རིན་པོ་ཆེ་དང་དགེ་འདུན་རྣམ་པ། ཡུ་རོབ་སྤྱི་འཐུས། ས་གནས་དོན་གཅོད། ཆོལ་གསུམ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་གཙོ་ཁག དེ་བཞིན་ས་གནས་ཀྱི་རྫོངས་དཔོན་དང་ཕྱི་རྒྱལ་མི་སྣ་དྲག་ཆེན་དེ་འདྲ་གདེན་འདྲེན་ཞུ་གི་ཡོད། དུས་ཆེན་དུ་ཕེབས་མི་ཚང་མར་བོད་རིགས་མི་མང་གི་ཚོགས་གཙོས་ཐོག་མར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་དེ་རྗེས་མཁན་རིན་པོ་ཆེ་མཆོག་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་སྐོར་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་རེད། གཞན་ཡང་སྐབས་དེར་བོད་མི་སྟོང་ཕྲག་ལས་མང་བ་འཛོམས་ཀྱི་ཡོད་པར་བརྟེན་ཡུ་རོབ་སྤྱི་འཐུས་དང་ས་གནས་དོན་གཅོད་ནས་གལ་ཆེའི་གསལ་བསྒྲགས་ཀྱི་བཀའ་སློབ་གནང་གི་ཡོད། དུས་ཆེན་དུ་ཆེད་ཞུགས་རྣམས་ལ་བོད་རིགས་མི་མང་གི་ཟློས་གར་ཚོགས་པ་ནས་གཞས་སྣ་གཟིགས་འབུལ་ཞུ་གི་ཡོད། གཞན་ཡང་སྐབས་དེར་ཆོལ་ཁ་གསུམ་དང་བེུད་ཚོགས་པ། སློབ་གྲ་ཁག་དང་ཚོགས་སྐྱིད་ཁག་བཅས་ནས་གཞས་སྣ་འཁྲབ་སྟོན་གྱིས་དགའ་དགའ་སྤྲོ་སྤྲོའི་ངང་གནས་ཀྱྀ་ཡོད་པ་རེད། དུས་ཆེན་གསུམ་གྱི་ནང་ནས་༧སྐུའི་འཁྲུངས་སྐར་སྐབས་སུ་མི་མང་མང་ཤོས་འཛོམས་ཀྱི་ཡོད་པ་རེད།

༣༽ མང་གཙོའི་དུས་ཆེན།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་ལོ་ལྟར་ཟླ་བ་ ༩ ནང་བོད་ལྗོངས་མང་གཙོའི་དུས་ཆེན་གྲ་སྒྲིག་གནང་གི་ཡོད་པ་རེད། དུས་ཆེན་ཚང་མའི་ཐོག་མར་དུ་མཁན་ཡླ་དགེ་འདུན་དང་སྤྱི་འཐུས། དེ་བཞིན་དོན་གཅོད་དང་མི་མང་ཚོགས་གཙོ། གཞན་ཡང་ཆོལ་གསུམ་དང་ཚོགས་པ་ཁག་གི་ཚོགས་གཙོས་ཇི་ལྟར་རྔ་གླིང་བཏང་པ་བཞིན་༧གོང་ས་མཆོག་གི་སྐུ་པར་སྤོས་སྣེ་ཞུས་ནས་བཞུགས་ཁྲིར་གདན་ཞུས་ཀྱིས་མཛད་གཙོ་རྣམས་ནས་མཎཌལ་རྟེན་གསུམ་འདེགས་འབུལ་གྱི་མཛད་སྒོ་དབུ་འཛུགས་ཞུ་གི་ཡོད། མང་གཙོའི་དུས་ཆེན་སྐབས་སུ་སྣེ་བཞུགས་རྣམས་ནས་མི་མང་རྣམས་ལ་མང་གཙོའི་གཞུང་དང་བཅའ་ཁྲིམས་སྐོར་ལམ་སྟོན་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་རེད། དེ་བཞིན་དུས་ཆེན་དེའི་སྐབས་དུས་ཆེན་གཞན་དང་མི་འདྲ་བ་དམིགས་བསལ་ནི་མི་མང་རྣམས་ནས་དགེ་སྐྱོན་དང་སྤྱི་སྨན་བསམ་འཆར་གང་ཡོད་གདོན་རྒྱུའི་གོ་སྐབས་ཀྱིས་གདེང་ཆ་ཚོུད་ ༢ ཙམ་སྟོང་པ་བཞག་སྟེ་བཤད་སྦྱངས་བྱེད་ཀྱི་ཡོད་པ་དེ་ཡིན། བོད་རིགས་མི་མང་གི་ཟློས་གར་ཚོགས་པས་དབུས་ཚོགས་སྐྱིད་ཁག་གི་ཞབས་བྲོ་བས་ཞབས་གཞས་གཟིགས་འབུལ་ཞུ་གི་ཡོད་པ་དང་དེ་རྗེས་གོར་གཞས་སྐྱོན་ནས་ལྷན་འཛོམས་དེ་བཞིན་དུས་ཆེན་གཞན་ལྟར་དགའ་སྐྱིད་ངང་གྲོལ་གྱི་ཡོད། ༢༠༠༡ ནས་ ༢༠༠༢ བར་ཞལ་འདེབས་བསྡུ་རུབ་ཞུས་པ་གཤམ་གསལ།