བོད་རིགས་མི་མང་གི་ལོ་རྒྱུས།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གནས་སྡོད་ཀྱི་སྤྱི་པའི་སྒྲིག་འཛུགས་འདི་བཞིན་རྒྱ་བལ་ཨ་རི་ཕུད་སྐྱབས་བཅོལ་བོད་མིའི་རྟེན་གཞི་ཆེ་བ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་རང་རིགས་སྐྱབས་བཅོལ་དུ་མི་འགྲོ་ཐབས་མེད་ཀྱི་གནས་ཚུལ་བྱུང་བར་བརྟེན་རང་རིགས་ ༨༠༠༠༠ སྟོང་ཕྲག་བརྒྱད་ཅུ་ཙམ་རང་གི་གཅེས་པའི་ཡུལ་དང་རང་གི་གཉེན་ཉེ་དུ་ཁ་བྲལ་དགོས་པའི་ཉིན་ངན་དེ་ཤར། སྐྱབས་བཅོལ་བ་དེའི་ཁོངས་ནས་ ༡༩༦༣ ལོར་༧སྐྱབས་མགོན་རྒྱལ་བའི་དབང་པོའི་ཐུགས་རྗེའི་བྱིན་ མཐུ་དང་དེ་བཞིན་ཕྱི་རྒྱལ་རོགས་ཚོགས་ཀྱི་ཐུགས་སྙིང་རྗེ་ཟོལ་མེད་ལ་བརྟེན་ནས་སུད་སིར་བོད་མི་སྐྱབས་བཅོལ་དུ་བསུ་ལེན་འགོ་དང་པོ་དེ་བཙུགས། དེ་ནས་གནས་ཚུལ་དེར་རིམ་པས་རང་རིགས་ འཕེལ་རྒྱས་ཀྱིས་དེང་གི་ཆར་བོད་མི་ ༧༥༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད། རང་དབང་སླར་གསོ་ནི་བོད་མིའི་ཕུགས་འདུན་ཞིག་ཡིན་སྟབས་འདིར་གནས་སྡོད་བོད་མི་རྣམས་བསེ་རུ་ལྟར་མིན་པར་གུང་བུ་གཅིག་སྒྲིལ་ཚོགས་ཆུང་ཁག་གི་སྤྱི་པའི་སྒྲིག་འཛུགས་འོག་མཉམ་གནས་བྱེད་ཀྱི་ཡོད། མང་གཙོའི་ལམ་ལུགས་རང་གཤིས་སུ་འཇགས་གལ་ཆེ་བས་ཚོགས་ཆུང་ཁག་ ༢༥ གནས་སྡོད་བོད་མིས་རང་གནས་ཚོགས་ཆུང་ཆེ་ཆུང་ལ་གཞིགས་ཏེ་མི་འཐུས་གཅིག་གམ་གཉིས་མང་མོས་ཀྱིས་འོས་འདེམས་བྱེད་ཀྱི་ཡོད། མང་མོས་འོས་འདེམས་བྱས་པའི་འཐུས་མིས་ས་གནས་འཐུས་ཚོགས་སྤྱི་པའི་སྒྲིག་འཛུགས་དེ་གྲུབ་ཀྱི་ཡོད། འཐུས་མི་རྣམ་པས་ས་གནས་ཀྱི་འཛིན་སྐྱོང་དང་ཁྲིམས་བཟོའི་ལས་འགན་དུས་ཀྱི་དགོས་ མཁོར་གཞིགས་ཏེ་བྱ་བར་འཇུག་གི་ཡོད། འཐུས་ཚོགས་དེར་རྒྱུན་ལས་དགུ་དང་དེ་ཐོག་ཚོགས་གཙོ་དང་ཚོགས་གཙོ་གཞོན་གཉིས་འོས་འདེམས་ཀྱིས། བྱ་བ་ཆེ་ཆུང་འདྲ་མིན་སྒྲིག་གཞི་གཏན་འབེབས་ཀྱི་གཞིར་མང་མོས་གྲོས་ཐག་བཅད་དེ་ཞུགས་དགོས་པ་ལས་རང་སྣང་གང་དྲན་གྱིས་བྱ་བར་ཞུགས་མི་ཆོག །རྒྱུན་ལས་དགུ་ནི། བོད་འཇར་དྲུང་ཡིག་གཉིས། དངུལ་གཉེར་གཉིས། ཟློས་གར་སྤྱི་ཁྱབ་འགན་འཛིན་གཅིག ཕྱི་འབྲེལ་བ་གཅིག གཉེར་པ་གཉིས། རྩིས་པ་གཅིག་བཅས་འཐུས་མིས་མང་མོས་འོས་ཤོག་ཐོག་འདེམས་ཀྱི་ཡོད། དེ་ཐོག་འཕོ་འགྱུར་དགོས་མཁོ་ལ་གཞིགས་ཏེ་འཐུས་མིས་མང་མོས་ཀྱིས་དྭངས་བླངས་དཔྱ་ཁྲལ་འགན་འཛིན་གཅིག །བོད་ཡིག་སློབ་གྲའི་སྤྱི་ཁྱབ་འགན་འཛིན་གཅིག །བོད་རིགས་མི་མང་གསར་འཕྲིན་འགན་འཛིན་གཅིག་འདེམས་ཀྱི་ཡོད། འཐུས་མི་རྣམ་པའི་ལས་ཡུན་ནི་ལོ་གསུམ་ཡིན་པ་དང་ལོ་རེའི་ཟླ་བ་ ༧ པ ་ཕུད་དེ་མིན་ཟླ་བར་ཆར་ཅན་ཉུང་ཐར་ཐེང་གཅིག་ལྷན་འཛོམས་ཀྱིས་བོད་མིའི་གལ་ཆེའི་ཆབ་སྲིད་དང་རིག་གཞུང༌། ཤེས་རིག་དང་དཔལ་འབྱོར། དེ་བཞིན་བོད་མིའི་གནས་སྐབས་ཀྱི་ངལ་བ་དང་རེ་འདུན་གང་བྱུང་བའི་ཐོག་བཀའ་བསྡུར་གནང་གི་ཡོད་པ་བཅས་བོད་རིགས་མི་མང་གི་གནས་སྟངས་རོབ་བསྡུསོ།