གནས་ཆེན་ཁག་གི་ངོ་སྤྲོད་མདོར་བསྡུས།།

སངས་རྒྱས་བཅོམ་ལྡན་འདས་རབ་བྱུང་གིས་བསྙེན་པར་རྫོགས་ཏེ། དབྱར་བཞི་བཅུ་ལྷག་ཅིག་འཇིག་རྟེན་དུ་འཚོ་ཞིང་བཞུགས་ནས། ལོང་བ་ལྟ་བུའི་སྐྱེ་རྒུ་རྣམས་ལ་དམ་པའི་ཆོས་ཀྱི་བཀའ་མཆིད་རྒྱས་པར་མཛད་ཅིང་། གྱད་ཀྱི་ཡུལ་ཤིང་སཱ་ལ་ཟུང་གི་ཚལ་དུ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས།

དེ་ན་འོ་སྐོལ་ཕྱི་མའི་དུས་སུ་སྐྱེས་པ། བསོད་ནམས་ཆུང་ངུའི་སྐྱེ་བོ། སངས་རྒྱས་ཀྱི་ཞལ་དངོས་སུ་མ་མཐོང་བ་དག་ནི། བདེ་བར་གཤེགས་པའི་གནས་ཆེན་བཞི་པོ་འདི་དག་ལ་མཇལ་དགོས་སོ་ཞེས་སྟོན་པ་མྱ་ངན་ལས་འདའ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཏེ། ཇི་སྐད་དུ་ལུང་ཕྲན་ཚེགས་ལས། "དགེ་སློང་དག ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱི་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་དྲན་པར་འགྱུར་བ་བྱའོ། བཞི་གང་ཞེ་ན།འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ། འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པའར་སངས་རྒྱས་སོ། འདིར་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་རྣམས་བཅུ་གཉིས་སུ་བསྐོར་ཏོ། འདིར་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོས་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ།" ཞེས་པ་ནས་"ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ།།"སོགས་རྒྱས་པར་གསུངས་སོ།

དེ་བཞིན་དུ་མདོ་གཞན་ལས་ཀྱང་ ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲིས་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ་སྟེ་"སོགས་གསུངས་ལ། རྟོག་གེ་འབར་བར་མདོ་དྲངས་པ་ལས་ཀྱང་གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འབྱང་བར་གསུངས་སོ།

དེ་ལྟར་ན་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས་ཡིན་ལ། ལིམྦི་ནི་སྐུ་འཁྲུངས་པ། ཝཱ་ར་ཎཱ་སི་ཆོས་འཁོར་བསྐོར་བ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་ཏེ། མདོ་ལས་གསུངས་པའི་སངས་རྒྱས་ཀྱི་གནས་ཆེན་པོ་བཞི་ནི་དེ་དག་ཡིན་ལ། དེའི་སྟེང་དུ། ནཱ་ལན་དཱ་སྐུ་ཚེ་བྱིན་གྱིས་རླབས་པའི་གནས། མཉན་ཡོད་བདུད་བཏུལ་བའི་གནས། ཁང་ཁ་ས་ལྷ་ལས་བབས་པའི་གནས། རྒྱལ་པོའི་ཁབ་དབྱེན་ཟླུམ་པའི་གནས་ཏེ། བརྒྱད་པོ་དེ་ནི་གནས་ཆེན་བརྒྱད་ཅེས་གྲགས་པ་དག་ཡིན་ལ། བདེ་གཤེགས་མཆོད་རྟེན་བརྒྱད་དུ་གྲགས།།