སུད་སི་ས་གནས་ཧོར་གྷན།

ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་ཏུ་བཟོད་ཐབས་བྲལ་ནས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་ བལ་ཡུལ་ འབྲུག་ཡུལ་བཅས་སུ་བཙན་བྱོལ་དུ་འབྱོར་སྐབས་བསམ་བརྗོད་ལས་འདས་པའི་བཀའ་ངལ་འུ་ཐུག་ཐབས་ཟད་གི་གནས་སྟངས་སུ་རྒྱར་སྐབས། མཚན་མོར་སྒྲོན་མེ་འབར་བ་བཞིན། གཙོ་ཆེར་རང་ཅག་རྣམས་ལ་ཤིན་ཏུ་ནས་ཀྱང་བཀྲིན་ལྷག་པར་དུ་ཆེ་བ་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་དང༌། ཡང་སྒོས་སུད་སི་རྒྱལ་ཁབ་ནས་ཀྱང་དགོངས་པ་རྒྱ་ཆེར་བཞེས་ནས་བོད་མི་ཉམ་ཐག་ཆིག་སྟོང་ཐམས་པ་ཞིག་སུད་སིར་སྐྱབས་བཅོལ་དུ་ལེན་ཐབས་ཀྱི་རོགས་རམ་ཞལ་བཞེས་བཀྲིན་གཟིགས་པ་ཆེན་པོས། བོད་མི་རིགས་སྤྱི་དང་བྱེ་བྲག་སུད་སིར་གནས་སྡོད་བོད་རིགས་རྣམས་ལ་ཧ་ཅང་ཕན་ནུས་ཀྱི་བྱ་བཟང་ཞིག་སྐྲུན་ཐུབ་པ་བྱུང༌། གཙོ་ཆེར་ྋགོང་ས་མཆོག་དང་རང་གཞུང་བཙན་བྱོལ་གཞུང༌། སུད་སི་རྒྱ་གྲམ་དམར་པོ། ཕེ་ལ་བཟོ་གྲྭའི་སྦྱིན་བདག་དང༌། ས་གནས་ཧོར་གྷན་དགེ་མཡན་བསྡེའི་བཅས་ཀྱི་བཀྲིན་མཉམ་རུབ་ལ་བརྟེན། རང་རེ་བོད་མི་རྣམས་ཐོག་མར། ཕྱི་ལོ་ ༡༩༧༠ ཕྱི་ཟླ་ ༡༠ པའི་ཚེས་ ༩ ཉིན་ཕ་ཡུལ་གསུམ་པ་སུད་སི་ས་གནས་ཧོར་གྷན་དུ་བདེ་འབྱོར་ཐུབ་པ་བྱུང་ཡོད༌། དང་ཐོག་སུད་སི་ནང་བྱིས་པ་སྐྱེས་མ་ཐག་པ་ལྟར་འགྲོ་ལུགས་སྡོད་ལུགས་ཐ་ན་སྐད་ཡིག་སོགས་མཐོང་ཐོས་ཉམས་མྱོང་གོམས་འདྲིས་མེད་པས་སྟབས་ཀ་བདེ་མིན་གྱི་དཀའ་ངལ་མང་ཐག་ཅིག་འཕྲད། སུད་སི་རྒྱ་གྲམ་དམར་པོ་དང༌། ས་གནས་གཞུང་ ཧོར་གྷན་དགེ་མཡན་བསྡེ༌། དེ་བཞིན་ཕེ་ལ་བཟོ་གྲྭའི་སྦྱིན་བདག་བཅས་ནས་དཀའ་ངལ་རྣམས་རིམ་བཞིན་སེལརྒྱུའི་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར། བོད་མི་རྣམས་ནས་ཀྱང་དེ་ལྟ་བུའི་བཀྲིན་ནི་སྲིད་པའི་མཐར་ཡང་བརྗེད་མི་སྲིད་པ་ཞིག་ཡིན། གཞི་རྐང་དེང་དུས་ཀྱང་སུད་སི་རྒྱ་གྲམ་དམར་པོ་དང༌། ས་གནས་གཞུང་ཧོར་གྷན་དགེ་མཡན་བསྡེ་གཉིས་ནས་ངོས་ཀྱི་སློབ་ཕྲུག་ཚོར་སློབ་སྦྱོང་ཐད་མིག་དཔེར་འདོད་པས་ཁ་ཡོད་ལག་ཡོད་ཀྱི་ནང་སྦྱོང་བྱེད་སྟངས་ལ་སོགས་པའི་རོགས་རམ་གང་ལེགས་གནང་བའི་གྲུབ་འབྲས་བཟང་པོ་མིག་མཐོང་ལག་ཟིན་བྱུང་བ། དཔེར་ན་དེ་སྔོན་གྱི་སློབ་ཕྲུག་རྣམས་རང་ཉིད་ཕྲུ་གུའི་ཕ་མ་ཆགས་ཏེ། རང་གིས་སྦྱངས་པའི་ཡོན་ཏན་དང་རང་རིགས་ཀྱི་ཡ་རབས་སྤྱོད་བཟང་ལྡན་པའི་བྱ་བྱེད་ལ་སོགས་པ། རང་ཉིད་ཀྱི་ནུས་ཚད་དཔག་ཚོད་ཀྱིས་རང་རང་ཕྲུ་གུ་ཚོར་སློབ་ཐུབ་པ་ཐོག །ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་རྩ་དོན་ཐད་ལའང་ཅི་གསུངས་བཀའ་སྒྲུབ་ཞུ་དགོས་པའི་སློབ་སྟོན་དང༌། རང་ཉིད་ནས་ཀྱང་འབད་བརྩོན་སྒོ་གང་ས་ནས་གནང་དང་གནང་མུས་ཡིན། ས་གནས་ཚོགས་ཆུང་འདི་ཡི་ནང་ད་ལྟའི་ཆར་ཚོགས་མི་གསུམ་བརྒྱ་མ་ཟིན་ཙམ་ཞིག་ཡོད་པའི་ནང་ནས། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་གཞི་གཞིར་བཟུངས་ལོ་གསུམ་རེར་འཐུས་མི་གཉིས་རེ་བསྐོ་བཞག་གནང་དགོས་ཀྱི་ཡོད། སྒྲིག་གཞི་གཞིར་ཟུང་ཟླ་རེའི་འཐུས་མིའི་ཚོགས་འསྡུར་ཕེབས་རྒྱུ་དང༌། ཚོགས་འསྡུར་བོད་སྤྱི་པའི་ཐོག་ལས་དོན་འདྲ་མིན་ཐད་གྲོས་བསྡུར་བྱུང་པ་དེ་དག་ནས་མི་མང་ལ་གསལ་བཤད་ཞུ་དགོས་པ་བྱུང་ཚེ། ས་གནས་སོ་སོར་ཚོགས་བརྡ་ཕུལ་ནས་ཚོགས་འསྡུ་འཚོགས་དགོས་ཀྱི་ཡོད། འཐུས་མི་གསར་པ་གཉིས་འདེམས་བསྐོ་ལྷན་དུ་འཐུས་མིའི་ལས་རོགས་གཉིས་དང༌། དངུལ་གཉེར་གཉིས། ཕྱི་འབྲེལ་གནང་ཁན་གཅིག་བཅས་མང་མོས་གནང་གི་ཡོད། མི་མང་རྣམས་མཉམ་རུབ་ཀྱི་སྤྲོ་སྐྱིད་དང༌།

ཚོགས་ཆུང་གི་སྤྱི་དངུལ་ཆེད་ལོ་ལྟར་གནམ་ལོ་གསར་ཚེས་ཀྱི་རྟེན་འབྲེལ་དགའ་སྟོན་ཉིན་གཉིས་དང༌། དབྱར་སྐྱིད་ཉིན་གཉིས་བཅས་གཏོང་གི་ཡོད། རང་མི་རིགས་ཀྱི་རིག་གཞུང་དང་རིག་གནས་རྩ་ཆེ་དེ་དག་རྩ་བརླག་ཏུ་མི་འགྲོ་བའི་ཐབས་སུ་ས་གནས་འཐུས་མི་རིམ་བྱུང་ནས་ཐུགས་དགོངས་རྒྱ་ཆེར་བཞེས་ནས། སྐུ་ངལ་ལ་འཛེམས་མེད་ངང༌། ཧོར་གྷན་ལས་ཞོར་ཟློས་གར་ཚོགས་པ་ཞིག་དང་ལས་ཞོར་བོད་ཡིག་སློབ་གྲྭ་ཞིག་གསར་འཛུགས་གནང་ཐུབ་ཡོད། ཟློས་གར་ཚོགས་པའི་ནང་ཚོགས་མི་མི་གྲངས་བཅུ་གསུམ་ཡོད་པ་དེ་དག་གི་ནང་ནས་འགན་འཛིན་གཅིག་དང་ལས་རོགས་གཅིག་བཅས་བསྐོ་བཞག་གནང་གི་ཡོད། ཟློས་གར་གྱི་ཚོགས་མིར་འརྫུལཞུགས་གནང་ཁན་རྣམས་ནས། རང་གི་མི་རིགས་དང་རིག་གཞུང་ལ་དགོངས་ནས་མ་བསྐུལ་དྭང་བླངས་ཀྱིས་རེ་གཟའ་སྤེན་པ་ཉི་མ་ནམ་ཡིན་ལ་བོད་གཞས་གསར་རྙིང་ཁག་ལ་ཆེད་སྦྱོང་གནང་བ་དང༌། ཚོགས་མི་དེ་དག་ལ་ཚོགས་ཆུང་ནས་རྒྱབ་སྐྱོར་གང་གཟབ་ཞུ་དགོས་པ་ལས་དམིགས་བསལ་གྱི་ཞབས་གླ་སོགས་གང་ཡང་འབུལ་དགོས་ཀྱི་མེད། དེ་བཞིན་རིག་གནས་ཀྱི་ཆེད་བོད་ཡིག་སློབ་གྲྭ་ཞིག་དང༌། དེ་ལའང་འགན་འཛིན་གཅིག་དང་དགེ་རྒན་གཉིས་ཀྱིས་གཟིགས་སྐྱོང་གཙོ་བོར་གནང་གི་ཡོད། གང་ལྟར་ཡང་བོད་མིར་གྲུབ་འབྲས་བཟང་པོ་དེ་ལྟ་བུ་བྱུང་བ་དང༌། དེ་སྔའི་བོད་མི་ལྟ་བུའི་ཉམ་ཐག་དུས་ད་ལྟའང་འཛམ་གླིང་གི་ཕྱོགས་གང་སར་གནས་དང་གནས་མུས་ཡིན་པར་བརྟེན། ཁ་ཚ་དགོས་གཏུགས་ཀྱིས། ཉེ་སྔོན་ཕྱི་ལོ་ ༢༠༠༠ ནས་ས་གནས་ཧོར་གྷན་དུ་ཡོད་པའི་རྒྱ་གྲམ་དམར་པོའི་རོགས་རམ་མཚམས་འཇོག་གནང་དགོས་བྱུང་ཡོད།

ཡིནའང་ས་གནས་ཧོར་གྷན་དགེ་མཡན་བསྡེ་ནས་མུ་མཐུད་དེ་བོད་མི་ཚོར་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་་རིག་གཞུང་ཡ་རབས་ཀྱི་གོམས་གཤིས་སོགས་རྩ་བརླག་ཏུ་མི་འགྲོ་བའི་བདག་གཉེར་ཡོང་ཆེད་དུ། བོད་ཀྱི་ལོ་གསར་དུས་ཆེན་སྲུང་བརྩིའི་སྐབས་ཝལ་སྡེག སློབ་གྲྭའི་ཚོགས་ཁང་ལོ་ལྟར་རིན་མེད་ཐོག་་གཡར་པོ་གནང་གི་ཡོད། ས་གནས་བོད་ཡིག་སློབ་གྲྭར་ཡང་འཛིན་ཁང་གི་མཐུན་རྐྱེན་རོགས་རམ་ལོ་མང་རིང་གནང་བཞིན་ཡིན།

རང་རེའི་ས་གནས་ཧོར་གྷན་དུ་གནས་པའི་བོད་མི་རྣམས་ཀྱང་སྒྲིག་འཛུགས་ལྡན་པའི་ཐོག་ནས་རང་གི་ཕ་ཡུལ་གསུམ་པའི་སྤུན་གྲོགས་སུད་སི་ས་གནས་མི་མང་གི་གཙོས་སྤུན་གྲོགས་མི་རིགས་ཚང་མ་ཐམས་ཅད་ཟླུམ་གཟུགས་གོ་ལ་གཅིག་གྱུར་གྱི་ཁྱིམ་ཚང་ཆེན་མོའི་མཛའ་བརྩེའི་ཕན་ཚུན་མཐུན་འབྲེལ་གང་གཟབ་ཡོད་པ་འདི་བཞིན་ད་དུང་མུ་མཐུད་རྒྱུན་གནས་ཡོང་བའི་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད། མ་འོངས་པར་ས་གནས་ཧོར་གྷན་དགེ་མཡན་བསྡེ་ནས་ཀྱང་རང་རེ་བོད་མི་རྣམས་ཀྱི་མངོན་འདོད་ཡོངས་རྫོགས་བོད་ལྗོངས་རང་དབང་ཚད་ལྡན་ཞིག་མ་ཐོབ་བར་དུ་མཐུན་འགྱུར་རོགས་རམ་སྔར་བཞིན་ྋསྐྱབས་འཇུག་ཡོང་བའི་རེ་འདུན་དང༌། མ་འོངས་སོན་རྩ་ན་གཞོན་ཚོར་སློབ་སྦྱོང་ཐོག་ད་མུས་བཞིན་གཟིགས་རྟོགས་གང་ཡོང་གནང་སྐྱོང་ཡོང་བའི་ྋསྐྱབས་འཇུག་ཞུ་རྒྱུ་དང༌། གོང་དུ་བཀྲིན་ཆེན་པོས་གནང་བའི་ཐོག་མཐའ་བར་གསུམ་གྱི་རོགས་རམ་རྒྱབ་བསྐྱོར་ལ་ངོས་ཧོར་གྷན་བོད་རིགས་ཡོང་གྱི་སྐུ་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བཅས་ཀྱི་ ཕྱི་ལོ་ ༢༠༠༢ ཟླ་བ་ ༩ ཚེས་ ༡༤ བར་ལོ་རྒྱུས་མདོར་བསྡུས་སུ་བྲིས་པ།

ས་གནས་ཚོགས་ཆུང་ཧོར་གྷན་བོད་རིགས་མི་མང་གི་འཐུས་མི་
ཚོགས་ཁང་བསྟན་འཛིན་བློ་གསལ་དང༌། དབང་ཁང་ཚེ་རིང་ཕུན་ཚོགས་གཉིས་ནས།།
བོད་རྒྱལ་ལོ།།